འབར་མའི་དྲག་པོའི་གཞུང་འཛིན་ཕྱི་ཚུལ་དུ་མཇུག་བསྒྲིལ།

འབར་མ་དྲག་པོའི་གཞུང་གིས་འབར་མའི་ནང་དབང་བསྒྱུར་བྱེད་ཡས་ཕྱི་ཚུལ་ནས་མཇུག་སྒྲིལ་ཡོད་པ་རེད།

༄༅༎དེ་རིང་གཟའ་ལྷག་པའི་ཉིན་འབར་མའི་ལོ་ངོ་ལྔ་བཅུ་མ་ཟིན་ཙམ་དབང་བསྒྱུར་བྱེད་མཁན་གྱི་དྲག་པོའི་གཞུང་གི་དབང་ཆ་རྩིས་སྤྲོད་ཀྱིས་གསར་དུ་འདེམས་བསྐོ་བྱས་པའི་སྲིད་འཛིན་དང་བློན་ཆེན་སོགས་ཆེས་མཐོའི་དཔོན་རིགས་༥༨ཀྱིས་དམ་འབུལ་བཞེས་ཡོད་པ་རེད་  དམ་འབུལ་མཛད་སྒོའི་གནས་ཚུལ་འབར་མའི་བརྙན་འཕྲིན་ཐོག་ནས་བརྒྱུད་བསྒྲགས་བྱས་ཡོད་པ་དང་ འབར་མ་དྲག་པོའི་གཞུང་གིས་དབང་འཛིན་བྱེད་པའི་སྐབས་ཀྱི་རྒྱལ་ཁབ་ཞི་བདེ་དང་འཕེལ་རྒྱས་ཞེས་པའི་ལས་ཁང་དེ་ཡང་དངོས་སུ་མཇུག་སྒྲིལ་ནས་ལས་གནས་རྩིས་སྤྲོས་བྱས་ཏེ་དེའི་ཐོག་འབར་མ་དྲག་པོའི་གཞུང་སྐབས་ཀྱི་དབང་འཛིན་པ་དམག་དཔོན་ཐན་ཤོན་གྱིས་ས་རྟགས་ཀྱང་འཁོད་ཡོད་འདུག དམག་དཔོན་ཐན་ཤོན་གྱིས་༡༩༩༢ལོ་ནས་འབར་མའི་ནང་དབང་འཛིན་བྱས་ཡོད་པ་དང་ དབང་འཛིན་བྱེད་པའི་རིང་ཐན་ཤོན་གྱི་གོ་གནས་ཡང་རྒྱལ་ཁབ་ཞི་བདེ་དང་འཕེལ་རྒྱས་ཞེས་པའི་ལས་ཁང་གི་འགོ་འཛིན་དང་ དམག་དཔོན་གྱི་མིང་ཐོག་ནས་འདས་པའི་ལོ་ངོ་བཅུ་གྲངས་རིང་འབར་མའི་ནང་དབང་འཛིན་བྱས་ཡོད་པ་རེད་ ཡིན་ནའི་ད་རེས་འབར་མ་དྲག་པོའི་གཞུང་གིས་དབང་ཆ་འདེམས་བསྐོ་བྱས་པའི་གཞུང་ལ་རྩིས་སྤྲོད་བྱས་ཡོད་ན་ཡང་ དམག་དོན་ཐན་ཤོན་གྱིས་མུ་མཐུད་འབར་མའི་དབང་ཆ་སྟངས་འཛིན་བྱེད་སྲིད་པ་གནད་དོན་དབྱེ་ཞིབ་པ་ཚོས་གནས་ཚུལ་དབྱེ་ཞིབ་གནང་གི་ཡོད་འདུག འབར་མའི་རྒྱལ་ཁབ་ཞི་བདེ་དང་འཕེལ་རྒྱས་ཟེར་བའི་ཡུལ་དེའི་དབང་འཛིན་བྱེད་མཁན་གྱི་ལས་ཁང་དེ་བཞིན་ཕྱི་ལོ་༡༩༨༨ལོར་གསར་བཙུགས་བྱས་པ་ཞིག་ཡིན་ཡང་འབར་མ་དེ་བཞིན་༡༩༦༢ལོ་ནས་དྲག་པོའི་དམག་དཔུང་གི་དབང་འཛིན་འོག་གནས་མུས་ཡིན་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org