འབར་མའི་ནང་ཕྲུ་གུའི་རྩ་སྦྲིད་ཀྱི་ནད།

འབར་མའི་གཞུང་གིས་བྱིས་པའི་རྐང་པ་རྩ་འཁུམ་གྱི་ནད་གཞི་སྔོན་འགོག་གི་སྨན་ཁབ་རྒྱབ་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཐོན་བཞག

༄༅༎འབར་མའི་ནང་ཟླ་བ་བདུན་ལ་སོན་པའི་ཕྲུ་གུ་ཞིག་ལ་རྐང་པ་རྩ་སྦྲིད་ཀྱི་ནད་འབུ་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་བའི་རྗེས་འབར་མའི་གཞུང་གིས་བྱིས་པའི་རྐང་པ་རྩ་འཁུམ་གྱི་ནད་གཞི་སྔོན་འགོག་གི་སྨན་ཁབ་རྒྱབ་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཐོན་བཞག

དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་གིས་དེ་རིང་གསུང་པར་གཞིགས་ན། འབར་མའི་ནང་ཕྲུ་གུ་གཅིག་ལ་རྩ་སྦྲིད་ཀྱི་ནད་འབུ་ཡོད་པའི་གནས་ཚུལ་ཐོན་པ་དེ་ཁོ་ནས་བྱིས་པའི་བདེ་ཐང་ཐོག་ལ་གདོང་ལེན་བྱེད་རྒྱུ་གལ་འགངས་ཆེན་པོར་གྱུར་ཡོད་པ་དང༌། འབྲེལ་ཡོད་འཕྲོད་བསྟེན་དཔོན་རིགས་ནས། འབར་མའི་ནང་ནད་གཞི་དེ་ཐོག་མར་༢༠༡༠ལོའི་ཕྱི་ཟླ་༡༢པའི་ནང་ཐོན་པའི་རྗེས། ད་ཆ་འབར་མའི་དབུས་ཀྱི་ས་ཁུལ་མེན་ཌ་ལེ་ནང་དུ་ཕྲུ་གུ་ཁྲི་གཅིག་ལ་སྔོན་འགོག་གི་སྨན་ཁབ་རྒྱབ་རྒྱུའི་འཆར་གཞི་ཡོད་པ་དང༌། ཕྲུ་གུ་མ་འབྱར་ལ་ཁའི་ནང་དུ་རྨན་ཆུ་བླུགས་ནས་སྔོན་འགོག་གི་སྨན་བཅོས་བྱ་རྒྱུ་ཡིན་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་གིས། ད་རེས་འབར་མའི་ནང་བྱིས་པའི་རྐང་པ་རྩ་འཁུམ་གྱི་ནད་གཞི་གསར་པ་ཐོན་པ་དེའི་བྱུང་རྐྱེན་ད་ལྟ་གསལ་པོ་ཤེས་རྟོགས་བྱེད་ཀྱང་ཕྲུ་གུ་ཚོར་རྒྱུན་ལྡན་དུ་སྔོན་འགོག་གི་སྨན་ཁབ་རྒྱབ་རྒྱུ་མ་བྱུང་བར་བརྟེན་ནས་ཡིན་སྲིད་པའི་ཚོད་དཔག་གནང་གི་ཡོད་པ་རེད། གོང་གསལ་ཕྲུ་གུ་ཟླ་བ་བདུན་ལ་སོན་པ་དེ་མ་ཡིན་པའི་གཞན་ཕྲུ་གུ་གཉིས་ལའང་རྐང་པ་རྩ་སྦྲིད་ཀྱི་ནད་གཞི་ཡོད་པའི་དོགས་གཞི་བྱུང་ཡོད་ཀྱང༌། རྗེས་སུ་སྨན་ཁང་དུ་བརྟག་དཔྱད་བྱས་འབྲས་ནད་གཞི་མེད་པ་ངེས་གཏན་བྱུང་ཡོད་པ་རེད། ཕྲུ་གུ་དེ་གཉིས་ནི། གཅིག་ནི་འབར་མའི་དབུས་མེན་ཌ་ལེ་ས་གནས་ནས་ཡིན་པ་དང༌། གཅིག་ཤོས་དེ་ནི་ལྷོ་ཕྱོགས་མོན་མངའ་སྡེ་ནས་ཡིན་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ལས་ཁང་གིས། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་སྨན་བཅོས་རུ་ཁག་འབར་མའི་ནང་ཕེབས་འབྱོར་ཟིན་ཏེ། ནད་འབུ་ཕྲུ་གུ་གཅིག་ནས་གཅིག་ལ་ཁྱབ་འཕེལ་མི་འགྲོ་བའི་སྔོན་འགོག་གི་ཕྱག་ལས་གནང་གི་ཡོད་པ་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org