འབར་མའི་ནང་གཞི་འགྲིག་ཡོང་བའི་དམ་བཅའ།
འབར་མའི་སྲིད་འཛིན་གྱིས་གྱེན་ལོག་ཤོག་ཁག་ལྷན་འགྲིག་འཇགས་སྐྲུན་རྒྱུའི་དམ་བཅའ་བཞག་པ།
-
2012-02-12 -
-
-
༄༅༎འབར་མའི་སྲིད་འཛིན་གྱིས་ཡུལ་དེའི་གྱེན་ལོག་ཤོག་ཁག་དང་འགྲིག་འཇགས་ཀྱི་ཁོར་ཡུག་བསྐྲུན་རྒྱུའི་དམ་བཅའ་བཞག་ཡོད་འདུག
རེས་གཟའ་ཉི་མའི་ཉིན་དམག་སྤྱི་ཟུར་པ་དང་སྔ་ལོ་སྲིད་འཛིན་དུས་འོས་འདེམས་བྱུང་བ་ ཐེའིན་སེའིན་(Thein Sein) གྱིས་བར་ལམ་ནས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བཅོས་བསྒྱུར་འགོ་འཛུགས་ཀྱིས་ལོ་བཅུ་ཕྲག་གོང་གི་མི་རིགས་ཀྱི་འཐབ་རྩོད་མཚམས་འཇོག་བྱ་རྒྱུའི་ཁས་ལེན་གནང་འདུག ཕྱེད་དྲག་པོ་དང་ཕྱེད་ཞི་བའི་སྲིད་གཞུང་འདིས་བར་ལམ་ནས་ཤར་ཕྱོགས་ཀ་རེན་དང་། ཤན་མངའ་སྡེའི་གཉིས་ནང་ཞི་འགྲིག་གི་ལས་འགུལ་འགོ་འཛུགས་ཡོད་ཀྱང་ བྱང་ཕྱོགས་སུ་རྒྱ་ནག་ས་དང་ས་འབྲེལ་ཡིན་པའི་ས་ཁུལ་ཀ་ཅིན་ཀ་ཆིན་ནང་དྲག་པོའི་འཐབ་རྩོད་བྱེད་བཞིན་པས་ཞི་འགྲིག་གི་ལས་དོན་ལ་བར་ཆད་བཏང་གི་ཡོད་ལུགས་འགྲེལ་བརྗོད་བྱས་འདུག སྲིད་འཛིན་ཐེའིན་སེའིན་གྱིས་གཞུང་འབྲེལ་བརྒྱུད་ལམ་ཐོག་གཏམ་བཤད་གནང་བའི་ནང་ནང་ཁུལ་དྲག་རྒོལ་མཚམས་འཇོག་དང་ཞི་བདེ་སྲ་བརྟན་དང་རྒྱལ་ཁབ་འཛུགས་བསྐྲུན་གྱི་ལས་དོན་ཐོག་མི་མང་ཚང་མས་འཕྱར་གྲུ་མཉམ་འདེགས་དགོས་གལ་ཆེནཔོ་ཡོད་ལུགས་སྐོར་གསུངས་གནང་འདུག ཕྱི་ལོ་༡༩༤༧ལོར་འབར་མའི་གཞུང་གིས་གྲངས་ཉུང་མི་རིགས་ཁག་དང་འགྲིག་འཇགས་ཀྱི་ཆིངས་དོན་བཞག་པའི་ཉིན་མོ་སྲུང་བརྩིའི་གཏམ་བཤད་ནང་སྲིད་འཛིན་ ཐེའིན་ སེའིན་གྱིས་ འབར་མ་དམངས་གཙོའི་ཁ་ཕྱོགས་སུ་བསྒྱུར་རྒྱུའི་ལས་དོན་མཇུག་སྐྱོང་བྱ་རྒྱུའི་ཁས་ལེན་གནང་བ་དང་སྦྲགས་མི་མང་གི་དགོས་འདུན་ནི། དམངས་གཙོའི་འོས་བསྡུ་དང་འདྲ་མཉམ་ངང་མཉམ་ཞུགས་བྱེད་རྒྱུ་དེ་ཡིན་པས་ཁྲིམས་ཀྱི་སྐྱོང་བའི་གཞུང་བཟང་པོ་སྲོལ་བསྟོད་བྱ་རྒྱུའི་ཁས་ལེན་གནང་འདུག ད་བར་བཅོས་བསྒྱུར་དང་ཆབ་སྲིད་ཀྱི་བཙོན་པ་གློད་བཀྲོལ་བཏང་བ་དེར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚོས་ཚོང་འབྲེལ་སོགས་བཀག་སྡོམ་ཆུང་དུ་བཏང་ཡོད་རེད། དེ་མ་ཟད་དམངས་གཙོའི་དེད་དཔོན་ ཨང་སན་སུ་ཅུ་མཆོག་ཀྱང་འདི་ལོ་ཕྱི་ཟླ་བཞི་པའི་ནང་རྒྱལ་ཡོངས་འོས་བསྡུར་མཉམ་ཞུགས་ཀྱིས་གྲོས་ཚོགས་ནང་ཕེབས་རྒྱུའི་ཐུགས་རེ་བཅང་བཞིན་པ་རེད༎