འབར་མ་རང་བཙན་ཐོབ་ཏེ་ལོ་༦༣འཁོར་བའི་དུས་དྲན་ཉིན།
དེ་རིང་གཟའ་མིག་དམར་ནི་འབར་མའམ་མཡན་མར་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་ཏེ་ལོ་ངོ་༦༣འཁོར་བའི་དུས་དྲན་གྱི་ཉིན་མོ་དེ་རེད།
-
2011-01-04 -
-
-
༄༅༎དེ་རིང་གཟའ་མིག་དམར་འདི་ནི་འབར་མའམ་མཡན་མར་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་ཏེ་ལོ་ངོ་༦༣འཁོར་བའི་དུས་དྲན་གྱི་ཉིན་མོ་དེ་ཡིན་ཞིང་ ཉིན་དེར་འབར་མའི་དྲག་པོའི་གཞུང་འཛིན་གྱི་འགོ་འཁྲིད་དམག་སྤྱི་ཐེན་ཤལྦེས་འབར་མའི་མི་དམངས་ཀྱིས་དབང་ཡོད་དཔུང་ངོམས་བྱེད་མཁན་གྱི་ཕྱིའི་ཡུལ་གྲུ་ཚོས་ང་ཚོའི་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་སྟངས་འཛིན་བྱེད་ཐབས་བྱེད་བཞིན་པར་ཚང་མས་དྭོགས་ཟོན་དང་ཡིད་གཟབ་དགོས་ལུགས་བརྗོད་ཡོད་འདུག།
དམག་སྤྱི་ཐན་ཤལྦེའི་གསུང་བཤད་དེ་མི་གཞན་ཞིག་གིས་སྒྲོག་སྦྱང་ཞུས་ཤིང་ དེའི་ནང་དམག་སྤྱི་ཐན་ཤལྦེས་འབར་མའི་ས་བབས་ཀྱི་གནད་འགག་གི་ཆ་ནས་ཕྱིའི་རྒྱལ་ཁབ་ཚོས་ང་ཚོའི་ཆབ་སྲིད་ལམ་ལུགས་སྟངས་འཛིན་བྱེད་ཐབས་བྱེད་རྒྱུ་ཡིན་པ་དེ་ནི་ཧང་སངས་དགོས་པའི་གནས་ཚུལ་ཞིག་གང་ཡང་མིན་པ་རེད་ཅེས་དང་ ངས་འབར་མའི་མི་སེར་ཡོངས་ལ་ ང་ཚོའི་རྒྱལ་ཁབ་ཀྱི་རང་བཙན་དང་ མངའ་དབང་གཅིག་གྱུར་གྱི་གནས་བབ་ལ་དོ་ཕོག་གཏོང་ཐབས་བྱེད་མཁན་ཇི་སྙེད་ཅིག་འབྱུང་སྲིད་པར་ཟབ་ནན་བྱེད་དགོས་པའི་སྐུལ་མ་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག།
རྣམ་ཀུན་ནས་འབར་མའི་དྲག་པོའི་གཞུང་གི་འགོ་འཁྲིད་ཚོས་འབར་མ་རང་བཙན་ཐོབ་པའི་དུས་དྲན་གྱི་ཉིན་མོར་འབར་མའི་ཡུལ་མི་ཚོས་ ཕྱི་ཕྱོགས་ནས་འབར་མའི་ཐོག་ཉེན་ཁ་བཟོ་མཁན་ཡོད་སྲིད་པར་དྭོགས་ཟོན་ཡིད་གཟབ་དགོས་ལུགས་ཤུགས་ཆེ་བརྗོད་སྲོལ་ཡོད་པ་དང་ དེ་ཡང་གཙོ་བོ་ཨ་མི་རི་ཀར་དམིགས་ཏེ་བརྗོད་པ་ཞིག་ཆགས་ཀྱི་ཡོད་པ་རེད། གཟའ་འཁོར་སྔོན་མར་ཨ་མི་རི་ཀའི་གཞུང་གིས་འབར་མའི་དྲག་པོའི་གཞུང་ལ་སྲིད་དོན་གྱི་བཙོན་པ་ཡོངས་རྫོགས་གློད་གྲོལ་བཏང་སྟེ་ ཡུལ་གྱི་ནང་མང་གཙོ་འཕེལ་རྒྱས་འབྱུང་ཐབས་ཆེད་ སྲིད་དོན་གྱི་ཚོགས་པ་གཞན་དང་གྲོས་མོལ་བྱེད་དགོས་པའི་བསྐུལ་མ་གནང་འདུག།