རང་ལུས་མི་སྲེག་པའི་འབོད་སྐུལ།
གནས་ཆུང་གིས་བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་མཚམས་འཇོག་དགོས་པའི་བཀའ་ཕེབས་པ།
-
2013-05-29 -
-
-
༄༅༎གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་རང་ལུས་མེར་སྲེག་གིས་གཙོས་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་ཡིན་ཞེས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་སྤེལ་གནང་འདུག
འདི་རིང་ཕྱི་ཟླ་༥ཚེས་༢༩ཉིན་གསལ་བསྒྲགས་སྤེལ་གནང་ཡོད་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐོག་མ་ཉིད་ནས་ཚབས་ཆེའི་ལས་འགུལ་དེ་རིགས་མུ་མཐུད་མི་སྤེལ་བའི་འབོད་སྐུལ་གསལ་ལ་ནན་པོ་ཡོངས་ཁྱབ་ཏུ་ཞུས་ཡོད་པ་དང༌། ང་ཚོས་ཁ་ཞེ་གཉིས་མེད་དང་བསམ་པ་རྣམ་དག་གིས་འབོད་བསྐུལ་དང་འབད་བརྩོན་ཇི་ལྟར་ཞུས་ཡོད་མེད་ཕྱི་ནང་ཀུན་གྱི་དྲན་ལམ་དང་མིག་སྔར་གནས་ཡོད་པ་མ་ཟད། ཡིད་ཆེས་དང་གདེང་འཇོག་འཕེར་བའི་རྒྱལ་སྤྱིའི་གྲགས་ཅན་ཚོགས་སྒེར་མང་པོས་ཀྱང་དེ་དག་ལ་ངོས་ལེན་དང་བདེན་དཔང་གསལ་པོ་བྱས་ཡོད།
ཉེ་སྔོན་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༢ དང་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༨ སོ་སོར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་བསྩལ་བའི་ནང་དུའང༌། བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་མཚམས་འཇོག་བགྱིས་ན་ལེགས་ཚུལ་ཕེབས་ཡོད་པ་ལྟར། ད་ལམ་ཡོངས་ཁྱབ་གསལ་བསྒྲགས་འདི་བརྒྱུད་གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་རང་ལུས་མེར་སྲེག་གིས་གཙོས་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་བསྐུལ་བསྐྱར་ནན་ཞུ་རྒྱུ་ཡིན།
བོད་མི་སྤྱི་ཡོངས་ཀྱི་མངོན་འདོད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང༌། བོད་མིའི་རང་དབང་སླར་གསོ་ཡོང་ཐབས་ལ་འབད་བརྩོན་མུ་མཐུད་ཞུ་རྒྱུ་ཡིན་ན། དེ་ལུགས་ཚང་མས་ཐུགས་སྣང་གཟབ་བསྐྱེད་གནང་དགོས་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྤེལ་གནང་བའི་ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་འཁོད་འདུག།