ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་རྒྱ་ནག་གཞུང་ལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག

རྒྱ་ནག་ལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་བཏང་ནས་ཁོང་ལ་བོད་བརྒྱུད་ནང་བསྟན་དབུ་འཁྲིད་ཀྱི་ཐུགས་འགན་བཞེས་འཇུག་དགོས་པའི་སྐུལ་ལྕགས་གནང་འདུག

ནེཌ་པརཱཡིས། ཨུཛ་ར་ཛེ་ཡ།

པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་སྲུང་བརྩིའི་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ Ned Priceཡིས་སྤྱི་བསྒྲགས་ཤིག་སྤེལ་བར་རྒྱ་ནག་གཞུང་གིས་མི་འདོད་པའི་ལན་འདེབས་བྱས་འདུག
དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ Ned Price ཡིས་རེས་གཟའ་ཟླ་བ་ཉིན་ Twitter བརྡ་འཕྲིན་ཐོག་སྤྱི་བསྒྲགས་སྤེལ་གནང་བ་དེའི་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་པཎ་ཆེན་རིན་པོ་ཆེ་གང་ཉིད་སོ་སོའི་མི་མང་ནས་ཁ་བྲལ་བཏང་ནས་མུ་མཐུད་གར་སོང་ཆར་མེད་དུ་གྱུར་ནས་གང་ཉིད་ལ་ཆོས་ཕྱོགས་ཀྱི་དབུ་འཁྲིད་གནང་རྒྱུའི་གོ་སྐབས་ཕུལ་མེད་པའི་སྐོར་གསུངས་ཏེ། ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་བོད་པའི་བླ་སྤྲུལ་རྣམས་པའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་གཏོགས་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་གོང་ཞུས་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ Ned Price གྱིས་Tweet ནང་བཀོད་གནང་འདུག
ཡང་ཕྱི་ཚེས་ ༢༥ ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya ཡིས་ཀྱང་ Twitter བརྡ་འཕྲིན་ཐོག་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་གཏོང་དགོས་པ་དང་གང་ཉིད་བོད་མི་ནང་ཆོས་རྗེས་འབྲངས་པ་རྣམས་ཀྱི་དབུ་འཁྲིད་ཀྱི་འགན་འཁུར་བཞེས་དུ་འཇུག་དགོས་པ་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་ན་ཕྲ་དུས་ནས་བཙོན་བཅུག་ཞུས་ཡོད་པ་དང་སྤྱི་ཟླ་༤པའི་ཚེས་༢༥  ཁོང་གི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན།  རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་མ་དྲང་བའི་བྱ་སྤྱོད་དེ་མཚམས་འཇོག་བྱེད་དགོས་ཀྱི་རེད་ཅེས་ཨ་མི་རི་ཀའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ Uzra Zeya མཆོག་གིས་ Twitter བརྡ་འཕྲིན་ཐོག་གསུངས་བཞག
དེ་དང་ཕྱོགས་མཚུངས་སྤྱི་ཚེས་༢༥ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་སྐར་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པའི་ནང་མགྲིན་ཚབ་པ་སྐུ་ཞབས་Ned Price ཡིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྤྱི་ནོར་༧གོང་ས་༧ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་གནང་བའི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་དྲུག་ཐོག་བཙན་འཁྲིད་ཞུས་ནས་བོད་མི་ཚོས་ད་བར་གར་ཡོད་རྩད་གཅོད་མ་ཐུབ་པའི་གནས་སྟངས་འོག་བཞག་ནས་རྒྱ་ནག་རང་ཉིད་ཀྱི་འདོད་ཕྱོགས་ལྟར་པཎ་ཆེན་གཞན་ཞིག་བསྐོ་གཞག་བྱས་ཡོད་པ་འགྲེལ་བརྗོད་དང་འབྲེལ། ཨ་མི་རི་ཀའི་ངོས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གར་ཡོད་དང་ཁོང་གི་སྐུ་གཟུགས་གནས་བབ་ཇི་འདྲ་ཡོད་མེད་ཁ་གསལ་བརྗོད་དགོས་པའི་སྐུལ་ལྕགས་བྱ་རྒྱུ་ཡིན་པ་མ་ཟད། ཨ་མི་རི་ཀའི་གཞུང་ནས་བོད་ནང་གི་ཆོས་དད་རང་དབང་དང་། རིག་གཞུང་།  སྐད་ཡིག་བཅས་པར་སྲུང་སྐྱོབ་གནང་རྒྱུར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ནན་བརྗོད་གནང་འདུག

དེའི་རྗེས་ཕྱི་ཚེས་༢༦རེས་གཟའ་མིག་མར་ཉིན། རྒྱ་ནག་གཞུང་གིས་དགེ་འདུན་ཆོས་ཀྱི་ཉི་མ་ནི་རྒྱ་ནག་གི་མི་སེར་ཞིག་ཡིན་པའི་ཆ་ནས་རྒྱུན་ལྡན་གྱི་འཚོ་བར་རོལ་བཞིན་ཡོད་པ་དང་། ཨ་རིས་ཁོང་གར་ཡོད་ཀྱི་གནས་སྟངས་སྐོར་བློ་ཚབས་གསལ་འདོན་བྱེད་བཞིན་པ་དེ་ནི་གཡོ་ཇུས་ཀྱི་རྣམ་པའི་ཐོག་ནས་རྒྱ་ནག་གི་ཆེས་མཐོང་ལ་གནོད་འཚེ་གཏོང་ཐབས་ཡིན་ལུགས་དགག་ལན་བརྒྱབ་འདུག རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Wang Wenbin)་ གྱིས་ཨ་རིས་ཆོས་ལུགས་རང་དབང་གི་མིང་ཐོག་ནས་བོད་དང་འབྲེལ་བའི་གནད་དོན་ལ་ཁ་གཡར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱེད་བཞིན་ཡོད་པ་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་བརྗོད་འདུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org