༸གོང་ས་མཆོག་ལ་མང་གཙོའི་མཛད་རྗེས་ཀྱི་གཟེངས་རྟགས།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མང་གཙོའི་ཐེབས་རྩ་ཁང་གིས་མང་གཙོའི་མཛད་རྗེས་ཀྱི་གཟེངས་རྟགས་འབུལ་ལམ་ཞུ་འཆར་འདུག

༄༅༎བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མང་གཙོའི་ཐེབས་རྩ་ཁང་གིས་མང་གཙོའི་མཛད་རྗེས་ཀྱི་གཟེངས་རྟགས་འབུལ་ལམ་ཞུ་འཆར་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གི་ལྷན་དུ་འདི་ཟླའི་ཚེས་༡༨ཉིན་ཨ་རིའི་སྲིད་འཛིནལས་ཁང་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་བའི་ཉིན་གཅིག་གི་རྗེས་ཏེ་ཚེས་༡༩ཉིན་National Endowment for Democracyཞེས་པའི་མང་གཙོའི་ཐེབས་རྩ་ཁང་གིས་༸གོང་ས་མཆོག་ལ་མང་གཙོའི་མཛད་རྗེས་ཀྱི་གཟེངས་རྟགས་དེ་བཞིན་ཁོ་ལི་ཇི་ཞེས་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ཆེན་མོའི་ནང་འབུལ་ལམ་ཞུ་རྒྱུ་ཡིན་པ་དང་ ༸གོང་ས་མཆོག་ལ་གཟེངས་རྟགས་དེ་འབུལ་ལམ་ཞུ་དོན་ནི་༸གོང་ས་མཆོག་གིས་མང་གཙོའི་ལྟ་གྲུབ་དང་འགྲོ་བ་མིའི་ཆེ་མཐོང་སོགས་ཀྱི་གནས་སྟངས་གོང་འཕེལ་གཏོང་གནང་མཛད་པའི་མཛད་རྗེས་ཁག་ལ་ངོས་འཛིན་ཞུས་པ་ཞིག་ཡིན་པ་རེད་ ཐེབས་རྩ་ཁང་གི་ཚོགས་གཙོ་ཁའལ་གར་ཤི་མེན་ཡིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་ནང་རང་དབང་མང་གཙོའི་ལམ་ལུགས་ཀྱི་གཞུང་འཛིན་སྐྱོང་གསར་དུ་གཏོད་གནང་མཛད་པ་མ་ཟད་ དེ་སྔ་བོད་རང་བཙན་ཡིན་པའི་སྐབས་སུ་བོད་ནང་མང་གཙོའི་བཅོས་བསྒྱུར་མང་པོ་གཏོང་གནང་མཛད་སྐོར་གསུངས་འདུག Ned ཞེས་པའི་ཐེབས་རྩ་ཁང་དེ་ནི་ཕྱི་ལོ་༡༩༨༣་ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་དང་ཐེབས་རྩ་དེས་གཙོ་བོ་རང་དབང་མང་གཙོའི་ལམ་ལུགས་དར་འཕེལ་དང་གོང་མཐོར་གཏོང་རྒྱུའི་ལས་དོན་སྤེལ་གྱི་ཡོད་པ་རེད་ལ་ ཐེབས་རྩ་ཁང་དེས་བལ་ཡུལ་དང་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་ལས་འཆར་ཁག་ལ་ཡང་མཐུན་འགྱུར་རོགས་རམ་གནང་གི་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org