བལ་ཡུལ་དུ་མི་འབོར་ཞིབ་བཤེར་གྱི་ལས་གཞི།
བལ་ཡུལ་རྒྱལ་ནང་དམག་འཁྲུག་མཇུག་བསྒྲིལ་ཏེ་མི་ལོ་༢༠ཕྱིན་པའི་རྗེས་ཐེངས་དང་པོ་མི་འབོར་ཞིབ་བཤེར་གྱི་ལས་གཞི་དེ་འགོ་བཙུགས་འདུག
-
2011-06-17 -
-
-
༄༅༎བལ་ཡུལ་རྒྱལ་ནང་དམག་འཁྲུག་མཇུག་བསྒྲིལ་ཏེ་མི་ལོ་༢༠ཕྱིན་པའི་རྗེས། ཐེངས་དང་པོ་མི་འབོར་ཞིབ་བཤེར་གྱི་ལས་གཞི་དེ་རེས་གཟའ་པ་སངས་ནས་འགོ་བཙུགས་ཡོད་པ་རེད།
འདས་པའི་མི་ལོ་བཅུ་ཕྲག་གཉིས་ཙམ་རིང་ལ་བལ་ཡུལ་གཞུང་དང་མའོ་གྱེན་ལོག་ཤོག་ཁག་དབར་དྲག་པོའི་འཐབ་འཁྲུག་བརྒྱབ་ཏེ་མི་གྲངས་ཆིག་ཁྲི་དྲུག་སྟོང་ཙམ་རྐྱེན་ལམ་དུ་ཕྱིན་པར་ངོས་འཛིན་བྱེད་པ་བཞིན། རྒྱལ་ནང་དམག་འཁྲུག་དེ་མཇུག་བསྒྲིལ་ནས་མི་ལོ་༢༠ ནང་བལ་ཡུལ་གཞུང་གིས་མི་འབོར་དང་གྲོང་ཚོ་གཏན་འབེབས་བྱ་རྒྱུའི་ལས་དོན་ཐེངས་དང་པོ་འགོ་བཙུགས་པ་ཡིན་ཞིང༌། དེ་སྔ་༡༩༩༡ ལོར་མཐའ་མའི་མི་འབོར་ཆ་ཚང་བ་ཞིབ་བཤེར་གྱི་ལས་དོན་སྤེལ་ཏེ་མི་ལོ་༢༠་ཕྱིན་པའི་རྗེས། ད་རེས་ཀྱི་མི་འབོར་ཞིབ་བཤེར་དེའི་ནང་གྲོང་ཁྱེར་ནང་གནས་སྡོད་བྱེད་མཁན་གྱི་གྲངས་འབོར་ཧ་ཅང་གི་འཕེལ་རྒྱས་འགྲོ་རྒྱུ་ཡིན་པ་དང༌། སྤྱི་ཡོངས་མི་འབོར་གྲངས་ཀ་ནས་ཧིན་རྡུ་བ་གྲངས་ཀ་ཕྲན་བུ་ཉུང་དུ་འགྲོ་རྒྱུ་ཡིན་པ་སྔོན་དཔགས་གནང་གི་ཡོད་པ་རེད།
བལ་ཡུལ་གྱི་མི་འབོར་ཞིབ་བཤེར་ལསཁང་གི་དཔོན་རིགས་སྦི་ཀ་སི་སྦིསི་ཀྲ་ཡིས་ཕེ་རིན་སི་གསར་འགོད་པར། ༢༠༠༡ ལོར་མི་འབོར་ཞིབ་བཤེར་བྱེད་པའི་སྐབས་གྲོང་གསེབ་ས་ཁུལ་མང་པོ་ཞིག་ཏུ་འགྲོ་བསྐྱོད་མ་ཐུབ་པར་བརྟེན་ནས། ཞིབ་བཤེར་གྱི་ལས་དོན་ཐོག་ལ་རྩོད་རྙོག་བྱུང་ཡོད་པ་དང༌། གལ་འགངས་ཆེ་ཤོས་ནི། མི་འབོར་ཞིབ་བཤེར་གྱི་ལས་གཞི་དེ་ཡིས་བལ་ཡུལ་ནང་དུ་ཡོད་པའི་གྲངས་ཉུང་མི་རིགས་ཚོའི་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་གསུང་ཡོད་པ་རེད།
ད་ལྟ་བལ་ཡུལ་ནང་དུ་བསྡོམས་རྩིས་ལྟར་ན། ཐེམ་དུད་ས་ཡ་གཅིག་དང་གྲངས་ཆུང་དྲུག་དང༌། མི་འབོར་ས་ཡ་༢༨ ཡོད་པ་བལ་ཡུལ་གྱི་མི་འབོར་ཞིབ་བཤེར་ལས་ཁང་ནས་ངོས་འཛིན་གནང་གི་ཡོད་པ་རེད།