བལ་ཡུལ་དུ་མནའ་འབྲེལ་སྲིད་གཞུང་གསར་པ་འཛུགས་ཐབས།

བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཁག་གིས་མནའ་འབྲེལ་སྲིད་གཞུང་གསར་པ་ཞིག་འཛུགས་ཐབས་ཐོག་བཀའ་སྡུར་གནང་ཡོད་པ་རེད།

༄༅༎བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཁག་གིས་གཟའ་མིག་དམར་ཉིན་ཡུལ་དེའི་ཆབ་སྲིད་གནས་སྟངས་ཉེན་ཚབས་སུ་འགྲོ་བའི་གནས་སྟངས་དང་བསྟུན་ཏེ་མནའ་འབྲེལ་སྲིད་གཞུང་གསར་པ་ཞིག་འཛུགས་ཐབས་ཐོག་བཀའ་སྡུར་གནང་ཡོད་པ་རེད།

བལ་ཡུལ་གྱི་སྲིད་བློན་པུཤི་པ་ཀ་མལ་རྡ་ཧལ་དང་སྲིད་འཛིན་རཱམ་སྦ་རན་ཡ་རྡལྦ་རྣམ་གཉིས་དབར་དབང་ཆའི་འཐབ་རྩོད་ཀྱིས་རྐྱེན་པས་གཟའ་ཟླ་བའི་ཉིན་སྲིད་བློན་གྱིས་ལས་གནས་ནས་རྩ་དགོངས་ཞུས་པ་མ་ཟད་མའོ་དམར་ཤོག་ཚོགས་པས་གྲོས་ཚོགས་སྒོ་བརྒྱབ་ནས་གཞི་རྒྱ་ ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་སྡིག་སྐུལ་གྱི་གནས་སྟངས་འོག་གཟའ་མིག་དམར་ཉིན་བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཁག་ལྷན་འཛོམས་ཀྱིས་རྒྱལ་ས་ཀ་ཐ་མན་དྲུའི་ནང་ད་ལྟའི་གནས་སྟངས་དེར་འགྱུར་ལྡོག་གཏོང་ཐུབ་རྒྱུར་མནའ་འབྲེལ་སྲིད་གཞུང་གསར་པ་ཞིག་འཛུགས་ཐབས་ཀྱི་གྲོས་མོལ་གནང་བཞིན་ཡོད་པ་དང་བལ་ཡུལ་གྱི་སྲིད་འཛིན་གྱི་གཞུང་ལས་ཁང་གི་སྒོ་འགྲམ་དུ་ཉེན་རྟོག་པས་སྲུང་བྱ་དམ་པོ་བྱས་ནས་ངོ་རྒོལ་བྱེད་མཁན་མི་གྲངས་བཞི་བཅུ་ལྷག་ཙམ་ཞིག་ཡང་འཛིན་བཟུང་དོ་དམ་བྱས་ཡོད་པ་རེད། བལ་ཡུལ་གྲོས་ཚོགས་ནང་གི་ཚོགས་པ་ཆེ་ཤོས་མའོ་ཤོག་ཁག་ཡིན་པ་དང་གྲོས་ཚོགས་ནང་གི་ཚོགས་པ་ཆེ་ཤོས་ཨང་གཉིས་པ་ཡིན་པའི་ནེ་པ་ལི་ཀོང་རེ་སི་ཡིས་ཚོགས་པ་ཨང་གསུམ་པ་མ་ཁ་སི་ལེ་ནིན་རིང་ལུགས་མཉམ་འབྲེལ་ཚོགས་པར་རྒྱབ་སྐྱོར་གནང་སྟབས་མའོ་ཤོག་ཁག་ལ་ཚོགས་པ་གཞན་གྱིས་རྒྱབ་སྐྱོར་མེད་ཚེ་རང་ཉིད་གཅིག་པུས་གཞུང་འཛིན་ཐུབ་པའི་གྲོས་ཚོགས་ཀྱི་གདན་གྲངས་འདེངས་ཀྱི་མེད་པ་རེད། བལ་ཡུལ་གྱི་སྲིད་འཛིན་རཱམ་སྦ་རན་ཡ་རྡལྦ་ནི་ཕྱོགས་འགལ་ནེ་པ་ལི་ཀོང་རེ་སི་ཚོགས་པའི་ཚོགས་མི་ཡིན་པ་དང་སྲིད་བློན་པུཤི་པ་ཀ་མལ་ལྡ་ཧལ་ནི་མའོ་ཤོག་ཁག་གི་ཚོགས་མི་ཡིན་ཞིང་སྲིད་འཛིན་དང་སྲིད་བློན་དབར་གྱི་དབང་ཆའི་འཐབ་རྩོད་བྱུང་རྐྱེན་ནི་སྲིད་བློན་གྱིས་དམག་སྤྱི་གནས་དབྱུངས་བཏང་ཡང་སྲིད་འཛིན་གྱིས་དམག་སྤྱིར་ལས་གནས་རང་འཇགས་བཟུང་དགོས་པའི་བཀའ་ཡིག་བཏང་བ་མ་ཟད་སྲིད་བློན་གྱིས་དམག་སྤྱི་གནས་དབྱུངས་བཏང་བ་དེ་ཁྲིམས་འགལ་ཆགས་པའི་སྐྱོན་བརྗོད་གནང་བར་བརྟེན་ནས་སྲིད་བློན་གྱིས་ལས་གནས་ནས་རྩ་དགོངས་ཞུས་སྟེ་མའོ་ཤོག་ཁག་གིས་གྲོས་ཚོགས་སྒོ་བརྒྱབ་རྒྱུའི་ཉེན་བརྡ་བཏང་བ་སོགས་བལ་ཡུལ་གྱི་ཆབ་སྲིད་གནས་སྟངས་དཀའ་རྙོག་ངང་གནས་བཞིན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org