བལ་ཡུལ་ནང་ཡང་བསྐྱར་ས་ཡོམ་གྱིས་འཇིགས་སྣང་བྱུང་འདུག
བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་ཁྲོད་རྐྱེན་འདས་སོང་བའི་མིའི་གྲངས་འབོར་༨༠༠༠ཙམ་ཟིན་པ་དང་༡༦༠༠༠ལྷག་ལ་རྨས་སྐྱོན་ཕོག་འདུག
-
2015-05-08 -
-
-
བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་ཁྲོད་རྐྱེན་འདས་སོང་བའི་མིའི་གྲངས་འབོར་༨༠༠༠ཙམ་ཟིན་པ་དང་༡༦༠༠༠ལྷག་ལ་རྨས་སྐྱོན་ཕོག་འདུག
དེ་ཡང་བལ་ཡུལ་ནང་ཟླ་བ་འདིའི་ཚེས་༨གཟའ་པ་སངས་ཉིན་སླར་ཡང་ས་ཡོམ་ཐེངས་གཉིས་ཙམ་རྒྱབ་ནས་མི་རྣམས་ལ་ས་ཡོམ་གྱི་འཇིགས་སྣང་བཟོས་ཡོད་པ་དང་། དེ་ནི་གཟའ་པ་སངས་ཉིན་ས་གནས་སྔ་དྲོའི་ཚོུད་༢པ་ཙམ་ལ་བལ་ཡུལ་གྱི་རྒྱལ་ས་ཁ་ཐཱ་མན་ཊའི་ཤར་ཕྱོགས་Sindhuplchowkཁུལ་དུ་ས་ཡོམ་རྗེས་ཀྱི་འཕྲོ་ལུས་ས་ཡོམ་རྒྱབ་ཡོད་པ་དང་། དེ་རྗེས་སྔ་དྲོའི་ཚོུད་དྲུག་པའི་གཡས་གཡོན་དུ་Dolakhaས་གནས་ནང་འཕྲོ་ལུས་ས་འགུལ་བྱུང་ནས་མི་རྣམས་ལ་ས་ཡོམ་གྱི་འཇིགས་སྣང་སླར་ཡང་བྱུང་ཡོད་འདུག ཡིན་ནའི་ས་ཁུལ་དེ་གཉིས་
ས་ཡོམ་རྗེས་ཀྱི་འགུལ་ཤུགས་བྱུང་ཡོད་ན་ཡང་གནོད་སྐྱོན་བྱུང་བའི་གནས་ཚུལ་
ད་ལྟའི་ཆར་སྙན་སེང་ཞུ་མཁན་བྱུང་མེད་པ་བལ་ཡུལ་ས་ཡོམ་བརྟག་དཔྱད་ལས་ཁང་གིས་ཕྱིར་བསྒྲགས་བྱས་འདུག བལ་ཡུལ་ནང་ཕྱི་ཟླ་བཞི་པའི་ཚེས་༢༤ཉིན་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཕོག་པའི་རྗེས་བལ་ཡུལ་ཁུལ་དུ་ས་ཡོམ་རྗེས་ཀྱི་འགུལ་ཤུགས་རིམ་པ་བཞི་ཡན་ཐེངས་༡༥༠ཙམ་བྱུང་ཡོད་པ་དང་། ད་བར་ས་ཡོམ་གྱི་གནོད་འཚེ་ནང་མི་གྲངས་༨༠༠༠ཙམ་ལ་སྲོག་སྐྱོན་དང་། མི་གྲངས་ཁྲི་གཅིག་དང་དྲུག་སྟོང་ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་གཞུང་འབྲེལ་གྲངས་འབོར་ཕྱིར་བསྒྲགས་བྱས་ཡོད་པ་རེད། གནས་ཚུལ་ལྟར་ན། ད་བར་བལ་ཡུལ་ནང་གནས་སྡོད་བྱེད་མཁན་བོད་མི་མི་གྲངས་༡༣ ཙམ་རྐྱེན་འདས་སུ་སོང་ཡོད་འདུག
ད་རེས་ས་ཡོམ་གྱི་འཕྲོ་ལུས་ས་ཡོམ་བྱུང་སའིSindhupalchowkས་གནས་དེ་བཞིན་ད་རེས་ཀྱི་ས་ཡོམ་ནང་གནོད་འཚེ་
ཆབས་ཆེ་ཕོག་ཡུལ་ཞིག་ཡིན་པ་དང་། ས་གནས་དེ་གཅིག་པུའི་ནང་མི་གྲངས་གསུམ་སྟོང་མ་ཟིན་ཙམ་ལ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་གྲངས་ཆིག་སྟོང་ཉིས་བརྒྱ་ལྷག་ཙམ་རྒྱལ་སའི་ཁུལ་ནས་རྐྱེན་འདས་སུ་ཕྱིན་ཡོད་འདུག དེ་དང་ཕྱོགས་འཚུངས་བལ་ཡུལ་ནང་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ལས་ཁང་གིས་རྒྱ་གར་མཁའ་ཐོག་དམག་དཔུང་གིས་བལ་ཡུལ་དམག་དཔུང་དང་མཉམ་འབྲེལ་གྱིས་མུ་མཐུད་ནས་སྲོག་སྐྱོབ་ལས་དོན་མཇུག་སྐྱོང་བྱེད་
བཞིན་ཡིན་པ་དང་། རྒྱ་གར་མཁའ་དམག་གིས་རོགས་རམ་ལས་དོན་སྤེལ་རིང་། བལ་ཡུལ་གྱི་དམག་དཔུང་གིས་ཐག་གཅོད་བཞིན་མཉམ་ལས་བྱས་པ་ལས་བལ་ཡུལ་གྱི་ས་གནས་དཔོན་རིགས་སོགས་དང་ཐད་ཀར་འབྲེལ་ལམ་གྱིས་ལས་དོན་གང་ཡང་སྤེལ་གྱི་མེད་པའི་སྐོར་གསར་འགོད་པར་གསལ་སྟོན་གནང་ཡོད་འདུག
གསར་འགོད་པ་འཆི་མེད།