བལ་ཡུལ་སྲིད་བློན་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད་གནང་རྒྱུ།
མའོ་ཚོགས་པའི་བལ་ཡུལ་གྱི་སྲིད་བློན་གསར་པ་པར་ཅན་རྡ་ཨ་མི་རི་ཀའི་ནང་གཞུང་དོན་ཕྱོགས་སྐྱོད་ཆེད་ཁ་ས་བལ་ཡུལ་ནས་ཕེབས་ཐོན་གནང་འདུག
-
2008-09-20 -
-
-
༄༅༎མའོ་ཚོགས་པའི་བལ་ཡུལ་གྱི་སྲིད་བློན་གསར་པ་པར་ཅན་རྡ་ཨ་མི་རི་ཀའི་ནང་གཞུང་དོན་ཕྱོགས་སྐྱོད་ཆེད་ཁ་ས་བལ་ཡུལ་ནས་ཕེབས་ཐོན་གནང་འདུག
ཁོང་ད་རེས་ཨ་རིའི་ནང་ཕེབས་བཞུགས་རིང་ཨ་རིའི་སྲིད་འཛིན་སྦུཤེ་མཆོག་དང་མཇལ་འཕྲད་ཞུས་གནང་རྒྱུ་ཡིན་པ་མ་ཟད། གྲོང་ཁྱེར་ནིའུ་ཡོག་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གསུངས་བཤད་ཀྱང་གནང་རྒྱུ་ཡིན་པ་རེད།
བལ་ཡུལ་གྱི་ཕྱི་འབྲེལ་ལྷན་ཁང་གི་དཔོན་རིགས་ཤིག་གིས་གསུངས་ན། སྲིད་འཛིན་སྦུཤེ་མཆོག་གིས་མགྲོན་བདག་གནང་བའི་གསོལ་སྟོན་ཐོག་ སྲིད་བློན་པར་ཅན་རྡ་ལ་གཞུང་འབྲེལ་གདན་ཞུ་འབྱོར་ཡོད་པ་དང་།
སྲིད་བློན་མཆོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ལ་རེས་གཟའ་ཟླ་བའི་ཉིན་ཕེབས་འབྱོར་གནང་གི་ཡོད་པ་རེད།
བལ་ཡུལ་གྱི་སྲིད་བློན་གསར་པ་པར་ཅན་རྡ་ཡིས་རང་ཡུལ་ནས་ཨ་རིའི་ཕྱོགས་སུ་ཕེབས་ཐོན་མ་གནང་གོང་གསུངས་དོན་ལ། བལ་ཡུལ་མི་དམངས་དབང་གཙོའི་རྒྱལ་ཁབ་གསར་པའི་བརྡ་ལན་དེ་ངོས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་འཁྱོལ་བ་བྱ་རྒྱུ་ཡིན་ཞེས་གསུངས་བཞག
རྒྱལ་ཁབ་ཀྱི་སྲིད་བློན་གྱི་འགན་འཁུར་བཞེས་པའི་ཟླ་བ་ད་གའི་ནང༌། པར་ཅན་རྡ་ཡིས་དང་པོ་རྒྱ་ནག་ལ་གཞུང་དོན་ཕྱོགས་སྐྱོད་གནང་བ་དང༌། བདུན་སྔོན་མ་རྒྱ་གར་ལ་ཕེབས་ནས་བལ་ཡུལ་གྱི་ཕྱི་འབྲེལ་གཞུང་ཚབ་ཀྱི་འབྲེལ་བ་གོང་འཕེལ་གཏོང་ཐབས་གནང་ཡོད་པ་རེད། སྤྱིར་སྟངས་བྱས་ན་བལ་ཡུལ་གྱི་མའོ་ཤོག་ཁག་དང་ཨ་མི་རི་ཀའི་སྲིད་གཞུང་དབར་འབྲེལ་བ་བཟང་པོ་མེད་པ། དེ་ཡང་ཨ་རི་གཞུང་ནས་བལ་ཡུལ་ནང་གི་མའོ་ཤོག་ཁག་གི་འཇབ་དམག་མེད་པ་བཟོ་ཐབས་སུ། གནས་དབྱུངས་བཏང་བའི་རྒྱལ་པོ་གྱ་ནེན་རྡ་རའི་དཔུང་དམག་ལ་གོ་མཚོན་གྱི་རོགས་རམ་དང་སྦྱོང་བརྡར་སོགས་གནང་ཡོད་པ་རེད། འོན་ཀྱང་འདི་ལོ་ཕྱི་ཟླ་ལྔ་པའི་ནང་རྒྱལ་ཡོངས་འོས་བསྡུའི་སྐབས་མའོ་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་རྗེས། བལ་ཡུལ་ནང་གི་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོས་མའོ་ཤོག་ཁག་གི་འགོ་ཁྲིད་དང་མཇལ་འཕྲད་ཐོག་མ་དེ་གནང་ཡོད་པ་རེད།