བལ་ཡུལ་དུ་མནའ་འབྲེལ་སྲིད་གཞུང་ཞིག་འཛུགས་རེ།

བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་མཉམ་རུབ་ཐོག་མནའ་འབྲེལ་གྱི་གཞུང་ཞིག་རིང་པོར་མ་ཐོག་པར་འཛུགས་ཐུབ་རྒྱུའི་རེ་བ་གནང་གི་ཡོད་པ་རེད།

༄༅༎བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་མཉམ་རུབ་ཐོག་མནའ་འབྲེལ་གྱི་གཞུང་ཞིག་རིང་པོར་མ་ཐོག་པར་འཛུགས་ཐུབ་རྒྱུའི་རེ་བ་གནང་གི་ཡོད་པ་རེད།

བལ་ཡུལ་གྱི་ནེ་པ་ལི་ཀོང་རེ་སི་ཚོགས་པའི་འགོ་འཁྲིད་རཱམ་ཤ་རན་མ་ཧཏ་ཡིས་རང་ཉིད་ཀྱི་ཚོགས་པ་དང་སི་པི་ཨེན་ཡུལ་ཨེམ་ཨེལ་ཚོགས་པ་གཉིས་ཀྱིས་ཚོགས་པ་གཞན་ཁག་ལྷན་དུ་ཉིན་ཤས་ནང་གཞུང་གསར་པ་ཞིག་འཛུགས་ཐུབ་པའི་རེ་བ་ཡོད་སྐོར་གསུངས་འདུག

ཡུལ་གྱི་ཁྲིམས་བཟོའི་འཐུས་མིའི་ཞབས་སྟེགས་གྲངས་དྲུག་རྒྱ་གཅིག་ཡོད་པའི་རྒྱལ་ཡོངས་གྲོས་ཚོགས་ནང་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་རྒྱུར་མནའ་འབྲེལ་གཞུང་དེར་ཚོགས་པ་ཆུང་ཁག་མང་ཆེ་བའི་རྒྱབ་སྐྱོར་ཐོབ་དགོས་པའི་གནས་སུ་གྱར་ཡོད་པ་རེད། གོང་ཞུས་ཀྱི་ཚོགས་ཁག་གི་ཁོངས་ནས་ཚོགས་པ་ཆུང་ཁག་གསུམ་གྱི་འགོ་འཁྲིད་རྣམས་ཀྱིས་གནད་དོན་དེའི་ཐད་ཀྱི་ཐག་གཅོད་དེ་རེས་གཟའ་ཟླ་བ་ཉིན་གནང་གཏན་འཁེལ་བ་གནང་རྒྱུའི་གཏམ་བཤད་གནང་ཡོད་པ་རེད། བལ་ཡུལ་གྱི་སྲིད་དོན་ཚོགས་པའི་ཁོངས་ནས་ཚོགས་པ་ཆེ་ཤོས་དེ་མའོ་ཚོགས་པ་ཆགས་ཀྱི་ཡོད་སྟབས་མ་འོངས་པའི་མནའ་འབྲེལ་གཞུང་དེའི་ནང་མའོ་ཚོགས་པ་མེད་པ་ཡིན་ན་ཡུལ་ནང་བདེ་འཇགས་སྲུང་སྐྱོབས་བྱེད་རྒྱུ་དེ་དཀའ་བའི་རང་བཞིན་ཞགི་ཆགས་ཡོད་པ་རེད། མའོ་ཚོགས་པའི་ངོས་ནས་གལ་སྲིད་ཡུལ་གྱི་དམག་སྤྱི་ལས་གནས་ནས་ཕྱིར་འབུད་མ་བྱས་ཕྱིན་གཞུང་གི་གྲོས་ཚོགས་ཚོགས་རྒྱུར་འགོག་རྐྱེན་བཟོ་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད། དེའི་བར་མའོ་ཚོགས་པའི་ཚོགས་མི་སུམ་བརྒྱ་སྐོར་ཞིག་གིས་སྲིད་འཛིན་རཱམ་སྦ་རན་ཡ་རྡལྦ་མཆོག་གི་ལས་ཁུངས་ཉེ་འཁྲིས་སུ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་བསྐོར་སྲུང་བས་ཁོར་ཚོར་རྒྱུགས་པ་གཞུས་ཏེ་ཕྱིར་འབུད་བྱས་པའི་གནས་ཚུལ་ཐོན་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org