བལ་ཡུལ་གྱི་སྲིད་བློན་རྒྱ་གར་དུ་འཚམས་གཟིགས།
བལ་ཡུལ་གྱི་སྲིད་བློན་གཟའ་མིག་དམར་ཉིན་རྒྱ་གར་དུ་ཉིན་གྲངས་ལྔའི་རིང་གི་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཐོན་གནང་འདུག
-
2009-08-18 -
-
-
༄༅༎བལ་ཡུལ་གྱི་སྲིད་བློན་གཟའ་མིག་དམར་ཉིན་རྒྱ་གར་དུ་ཉིན་གྲངས་ལྔའི་རིང་གི་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཐོན་གནང་འདུག འདི་ནི་སྐུ་ཞབས་མ་རྡལྦ་ཀུ་མར་ནེ་པལ་འདི་ལོ་ཕྱི་ཟླ་ལྔ་པའི་ནང་བལ་ཡུལ་གྱི་སྲིད་བློན་དུ་བསྐོ་བཞག་བྱུང་རྗེས་རྒྱ་གར་དུ་འཚམས་འདྲི་གནང་པ་ཐོག་མ་དེ་ཆགས་རྒྱུ་ཡིན་པ་རེད།
རྒྱ་གར་ནི་བལ་ཡུལ་དང་ཚོང་འབྲེལ་ཆེ་ཤོས་བྱེད་མཁན་རྒྱལ་ཁབ་དེ་ཡིན་པར་མ་ཟད་བལ་ཡུལ་ནང་རྒྱ་གར་གྱི་ཆབ་སྲིད་ཀྱི་ཤུགས་རྐྱེན་ཡང་ཧ་ཅང་ཆེན་པོ་ཡོད་པ་རེད། བལ་ཡུལ་གྱི་སྲིད་བློན་རྒྱལ་ས་ཀ་ཐ་མན་དྲུའི་གནམ་ཐང་ནས་མ་ཐོན་སྔོན་ཙམ་ལ་གསར་འགོད་པ་ཚོར་ཁོང་གི་ཉིན་གྲངས་ལྔའི་རིང་གི་རྒྱ་གར་གྱི་འཚམས་གཟིགས་འདི་ནི་ཡུལ་གྲུ་གཉིས་དབར་གྱི་འབྲེལ་བ་ད་དུང་དམ་ཟབ་ཏུ་བཏང་སྟེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཐབས་ཆེད་ཡིན་པ་གསུངས་འདུག
ཕྱི་ལོ་ཉིས་སྟོང་དྲུག་ལོར་བལ་ཡུལ་གྱི་མའོའི་གྱེན་ལོག་ཚོགས་པའི་འགོ་འཁྲིད་པུཤ་པ་ཀ་མལ་རྡ་ཧལ་བལ་ཡུལ་གྱི་སྲིད་བློན་དུ་འདེམས་བསྐོ་བྱུང་པ་ནས་བཟུང་རྒྱ་གར་དང་བལ་ཡུལ་གྱི་འབྲེལ་ལམ་ཐད་ཕྲན་བུའི་དོ་ཕོག་བྱུང་ཡོད་ཅིང་པུཤ་པ་ཀ་མལ་རྡ་ཧལ་གྱི་སྲིད་བློན་གྱི་ངོ་བོའི་ཐོག་གི་ཕྱི་རྒྱལ་གྱི་གཟིགས་བསྐོར་དང་པོ་དེར་རྒྱ་གར་མ་ཡིན་པར་རྒྱ་ནག་ཏུ་གནང་བསྐྱོད་ཡོད་པ་རེད།
འོན་ཀྱང་སྲིད་བློན་གསར་པ་མ་རྡལྦ་ཀུ་མར་ནེ་པལ་གྱིས་བལ་ཡུལ་གྱི་ངོས་ནས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་དང་རྒྱ་གར་ལ་འཛིན་པའི་སྲིད་བྱུས་ཞེས་སོགས་ཀྱི་ཆབ་སྲིད་རྙོག་པོ་དེ་རིགས་འཛིན་དགོས་ཀྱི་མ་རེད་ཅེས་གསུངས་འདུག
བལ་ཡུལ་གྱི་སྲིད་བློན་རིམ་པ་རྒྱ་གར་དུ་འཚམས་གཟིགས་ཡང་སེ་ཕེབས་ཀྱི་ཡོད་ན་ཡང་རྒྱ་གར་གྱི་སྲིད་བློན་བལ་ཡུལ་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་མཁན་མཐའ་མ་དེ་ཕྱི་ལོ་༡༩༩༧ལོར་ཨཡི་ཀེ་གུཇུ་རལ་ཡིན་པ་རེད།
བལ་ཡུལ་གྱི་སྲིད་བློན་རྒྱ་གར་དུ་བཞུགས་རིང་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་དང་ཀོང་རེ་སི་སྲིད་དོན་ཚོགས་པའི་དབུ་འཁྲིད་ལྕམ་སོ་ནི་ཡ་གེན་རྡི་སོགས་ཆེས་མཐོའི་དཔོན་རིགས་ཚོ་དང་དེ་བཞིན་ཚོང་ལས་མི་སྣ་ཁག་དང་མཇལ་མོལ་གནང་རྒྱུ་ཡིན་འདུག།