བོད་ནས་བྲོས་བྱོལ་བ་བོད་མི་བདུན་བལ་ཡུལ་དུ་འཛིན་བཟུང༌།

བལ་ཡུལ་ཉེན་རྟོག་པས་བོད་ནས་བལ་ཡུལ་ནང་ཡོང་མཁན་བོད་མི་བདུན་འཛིན་བཟུང་བྱས་པའི་སྐོར་ཉེན་རྟོག་པས་བརྗོད་འདུག

༄༅༎བལ་ཡུལ་ཉེན་རྟོག་པས་བོད་ནས་བལ་ཡུལ་ནང་ཡོང་མཁན་བོད་མི་བདུན་ཁྲིམས་འགལ་ཐོག་ནས་བལ་ཡུལ་ས་མཚམས་ནང་འཛུལ་བར་བརྟེན་ནས་འཛིན་བཟུང་བྱས་པའི་སྐོར་ཉེན་རྟོག་པས་གཟའ་ཟླ་བའི་ཉིན་བརྗོད་འདུག

གོང་ཞུས་བོད་ནས་བལ་ཡུལ་ས་མཚམས་ནང་བྲོས་བྱོལ་དུ་ཕེབས་མཁན་བོད་མི་བདུན་གྱི་ནང་ནས་བཞི་སྐྱེས་པ་དང་གསུམ་བེུད་ཡིན་ཞིང་ཁོང་ཚོས་ཁྲིམས་མཐུན་གྱི་ཡིག་ཆ་སོགས་གང་ཡང་མེད་པར་བལ་ཡུལ་ས་མཚམས་སུ་འཛུལ་བར་བརྟེན་ནས་བལ་ཡུལ་ཉེན་རྟོག་པས་འཇུ་བཟུང་བྱས་ནས་བཀག་ཉར་ཁང་དུ་དོ་དམ་བྱེད་བཞིན་པའི་སྐོར་ས་མཚམས་ཉེན་རྟོག་དཔོན་རིགས་པཱར་ཀ་ཤེ་ཨ་རྡི་ཀ་རི་ཡིས་བལ་ཡུལ་གྱི་རྒྱལ་ས་ནས་ནུབ་ཕྱོགས་ས་ཀི་ལོ་མི་ཊར་བརྒྱ་བཅུ་ཙམ་གྱི་སར་གནས་པའི་རྡོ་ལ་ཁ་ས་གནས་ནས་ཁ་པར་བརྒྱུད་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་འདུག བལ་ཡུལ་གྱི་ས་མཚམས་ཉེན་རྟོག་དཔོན་དེས་འཇུ་བཟུང་བཀག་ཉར་བྱེད་བཞིན་པའི་བོད་མི་བདུན་པོ་དེ་དག་བལ་ཡུལ་ཕྱིས་མི་གཞིས་ཆགས་ལས་ཁང་ལ་རྩིས་སྤྲོད་བྱས་ནས་ཞིབ་ཕྲའི་གནས་ཚུལ་བརྟག་དཔྱད་བྱ་རྒྱུ་ཡིན་ལུགས་བཤད་ཡོད་པ་རེད། བལ་ཡུལ་ནང་ལོ་ལྟར་བོད་མི་སྟོང་ཕྲག་བརྒལ་བ་བོད་ཀྱི་ས་མཚམས་ནས་བཙན་བྱོལ་དུ་ཡོང་གི་ཡོད་པ་དང་ཡིན་ནའི་ན་ནིང་བོད་ཀྱི་ས་ཁུལ་མང་པོའི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ནང་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་འབྲེལ་ས་མཚམས་ཁུལ་དུ་ཡང་བཀག་སྡོམ་བྱེད་ཡས་ཤུགས་ཆེ་རུ་བཏང་བ་མ་ཟད་བལ་ཡུལ་གཞུང་ལ་ཡང་བལ་ཡུལ་ས་མཚམས་ནས་བོད་མི་བྲོས་བྱོལ་བ་ཚོར་ཕྱིར་རྩིས་སྤྲོད་དགོས་པའི་ཤུགས་ཆེའི་གནོན་ཤུགས་འོག་དེང་སྐབས་བོད་ནས་བལ་ཡུལ་བརྒྱུད་བཙན་བྱོལ་དུ་ཡོང་མཁན་གྱི་བོད་མིའི་གྲངས་འབོར་ཉུང་དུ་ཕྱིན་ཡོད་པ་དང་ལྷག་པར་དུ་བལ་ཡུལ་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་ལ་རྒྱབ་སྐྱོར་བྱས་ནས་བལ་ཡུལ་ནང་རྒྱ་ནག་ལ་ཁ་གཏད་ཀྱི་ལས་འགུལ་རིགས་སྤེལ་རྒྱུར་དམ་བསྒྲགས་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org