བལ་ཡུལ་སྲིད་འཛིན་གྱིས་སྲིད་དོན་ཚོགས་པར་སྐུལ་འདེད།
བལ་ཡུལ་ནང་སྲིད་དོན་ཚོགས་པ་ཚང་མ་མཉམ་མཐུན་གནང་བའི་མང་མོས་ཀྱི་གཞུང་ཞིག་གསར་འཛུགས་གནང་དགོས་རྒྱུའི་སྐུལ་མ་གནང་འདུག
-
2009-05-10 -
-
-
༄༅༎ཉེ་ལམ་མའོ་ཚོགས་པའི་སྲིད་བློན་པཱར་ཅན་རྡས་དགོངས་ཞུ་གནང་ནས་རྒྱལ་ཁབ་ནང་ཆབ་སྲིད་ཀྱི་དཀའ་རྙོག་བཟོས་པ་དེ་དག་མཇུག་སྒྲིལ་ཐབས་སུ་བལ་ཡུལ་གྱི་སྲིད་འཛིན་རཱམ་སྦ་རན་ཡ་རྡལྦ་མཆོག་གིས་སྲིད་དོན་ཚོགས་པ་ཚང་མ་མཉམ་མཐུན་གནང་བའི་མང་མོས་ཀྱི་གཞུང་ཞིག་གསར་འཛུགས་གནང་དགོས་རྒྱུའི་སྐུལ་མ་གནང་འདུག
པཱར་ཅན་རྡ་འམ་པུཤི་པ་ཀ་མལ་རྡ་ཧལ་ཡིས་ཡུལ་གྱི་དམག་སྤྱི་ཕྱིར་འབུད་གཏོང་རྒྱུའི་ཐབས་ཇུས་ལ་ལམ་ལྷོང་མ་བྱུང་བའི་རྗེས་བདུན་ཕྲག་སྔོན་མ་ཁོང་སྲིད་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་ཡོད་པ་རེད། མའོ་ཤོག་ཁག་དང་བལ་ཡུལ་གཞུང་གི་དཔུང་དམག་དབར་ལོ་ངོ་བཅུ་ཕྲག་གཅིག་ཙམ་རིང་འཐབ་འཁྲུག་བྱས་པའི་ནང་མི་གྲངས་ཆིག་ཁྲི་གསུམ་སྟོང་ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་ཉིས་སྟོང་དྲུག་ལོར་གཞི་ནས་ཕྱོགས་གཉིས་དབར་ཞི་འགྲིག་གི་མཐུན་གྲོས་ཤིག་བཞག་ཐུབ་པ་བྱུང་ཡོད་པ་རེད། སྲིད་འཛིན་མཆོག་གིས་ཐོག་མར་རེས་གཟའ་སྤེན་པའི་མཚན་དཀྱིལ་བར་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཚང་མ་མཉམ་རུབ་གནང་བའི་སྲིད་གཞུང་ཞིག་གསར་འཛུགས་གནང་དགོས་རྒྱུའི་དུས་ཚོད་ཚད་བཀག་གནང་ཡོད་ནའང་དུས་བཀག་དེའི་ནང་གཞུང་གསར་འཛུགས་ཐུབ་མེད་སྟབས་སྲིད་འཛིན་མཆོག་གིས་སླར་ཡང་ཆབ་སྲིད་ཚོགས་པ་ཁག་ཚང་མ་མཉམ་རུབ་ཀྱི་ཐོག་ནས་གཞུང་ཞིག་གང་མགྱོགས་བཙུགས་ཐུབ་པ་དགོས་རྒྱུའི་སྐུལ་མ་གནང་ཡོད་པའི་སྐོར་སྲིད་འཛིན་ཡཱ་རྡལྦ་མཆོག་གི་དྲུང་ཆེས་འགྲེལ་བརྗོད་གནང་འདུག
བལ་ཡུལ་གྱི་མཉམ་མཐུན་གཞུང་ནང་འོས་བསྡུའི་གདན་གྲངས་བརྒྱ་ཆ་བཞི་ཅུ་མའོ་ཚོགས་པར་ཐོབ་ཡོད་དུས་མའོ་ཚོགས་པ་གཞུང་འཛིན་ནས་ཕྱིར་ཐོན་བྱས་པ་ཡིན་ན་དེ་མིན་གྱི་ལྷག་འཕྲོས་ཚོགས་པ་ཁག་མཉམ་འབྲེལ་གྱི་ཐོག་ནས་གཞུང་གསར་འཛུགས་གནང་རྒྱུའི་འཆར་གཞི་དེ་དོན་འཁྱོལ་ཡོང་མིན་ད་ལྟ་ཤེས་རྟོགས་དཀའ་བའི་གནས་ཚུལ་ཞིག་ཆགས་ཡོད་པ་རེད༎