བལ་ཡུལ་ནང་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བཀག་སྡོམ།
བལ་ཡུལ་ནང་བོད་མི་ཚོས་འཁྲུངས་སྐར་སྲུང་བརྩིའི་སྐབས་བལ་ཡུལ་ཉེན་རྟོག་པས་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བཀག་སྡོམ་བྱས་འདུག
-
2017-07-05 -
-
-
བལ་ཡུལ་རྒྱལ་སའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༢་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྔ་ནུར་གྱིས་ཕྱི་ཟླ་༧ཚེས་༥ཉིན་སྲུང་བརྩི་ཞུ་སྐབས། བལ་ཡུལ་གྱི་ཉེན་རྟོག་པ་དང་དམག་མིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱ་རྒྱུར་བཀག་འགོག་བྱས་འདུག
དེ་ཡང་ཕྱི་ཚེས་༥་ཉིན་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཀྲོའུ་ནང་ཡོད་པའི་འཕགས་པ་ཤིན་ཀུན་གྱི་སྐོར་ལམ་མཐར་ཡོད་པའི་གློ་བ་དགོན་པའི་མདུན་ཐང་དུ། བོད་མི་ཚོས་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་གྲ་སྒྲིག་བྱས་ཡོད་པ་དང་། ཞོགས་པ་སྔ་པོ་ནས་བཟུང་ཉེན་རྟོག་མང་པོ་འགྲེམས་འཇོག་གིས་ལྟ་རྟོག་བྱས་པ་མ་ཟད། མཛད་སྒོ་ཚོགས་སར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུ་བཞིན་པའི་སྐབས་སུ་བལ་ཡུལ་གསང་བའི་ལས་ཁུངས་ཀྱི་མི་སྣ་ཁ་ཤས་སླེབས་ནས་སྐུ་པར་སྒྲིམ་གཤོམ་བྱ་རྒྱུ་བཀག་འགོག་བྱས་ནས་མར་ཕབ་བཅུག་ཡོད་འདུག
བལ་ཡུལ་ས་གནས་འགོ་འཛིན་ལྷག་པ་རྡོ་རྗེ་ལགས་ཀྱིས། བལ་ཡུལ་གྱི་ཉེན་རྟོག་པ་དང་གསང་བའི་ལས་ཁུངས་ཀྱིས་མི་སྣས་གནོན་ཤུགས་ཤུགས་ཆེ་སྤྲད་པར་བརྟེན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཛད་སྒོ་ཚོག་ཡུལ་ལ་གདན་འདྲེན་ཞུ་མ་ཐུབ་པར་དགོན་པའི་ནང་དུ་གདན་འདྲེན་མ་ཞུས་ཐབས་མེད་ཆགས་སོང་ཞེས་གསུངས་འདུག
ད་དུང་བལ་ཡུལ་གྱི་ཉེན་རྟོག་པས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༢་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་དགའ་བསུའི་མཚམས་འདྲི་ཞུ་བའི་འཕྲེད་དར་ཡང་མར་ཕབ་ཏུ་བཅུག་ཡོད་འདུག
རྩིས་དྲུང་བྱམས་པ་དོན་གྲུབ་ལགས་ཞུ་བས། བལ་ཡུལ་གྱི་ཉེན་རྟོག་པ་དང་གསང་བའི་ལས་ཁུངས་ནས་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུ་དངོས་སུ་བཀག་འགོག་བྱས་མེད་ཀྱང་ རྫོང་དང་། འཕགས་པ་ཤིང་ཀུན་གྱི་ཉེན་རྟོག་ལས་ཁུངས་ནས་ཁ་པར་ཡང་ཡང་འབྱོར་ནས་ ༧གོང་ས་མཆོག་གི་བཞུགས་ཁྲི་དང་། སྐུ་པར་སྒྲིག་གཤོམ་བྱེད་མི་ཆོག་པ་དང་། གཞས་སྣ་འཁྲབ་སྟོན་ཡང་མཇུག་བསྒྲིལ་དགོས་པའི་བཀའ་བཏང་ཡོད་ཀྱང་གཞས་སྣ་འཁྲབ་སྟོན་རྣམས་གང་ལེགས་བྱུང་ཡོད་ལུགས་གསུངས་འདུག
བལ་ཡུལ་གྱི་བོད་མི་ཚོས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞི་ཆོག་བའི་ཆོག་མཆན་བལ་ཡུལ་གཞུང་ལ་ཡང་ཡང་ཞུས་ཀྱང་མ་རག་པར་བརྟེན་ཉིན་གཅིག་སྔ་སྣུར་གྱིས་ཚོགས་ཐབས་བྱས་བ་ཡིན་འདུག
གསར་འགོད་པ་ཀུན་བཟང་བསྟན་འཛིན། ཕབ་བཤུས་ཚེ་དབང་དངོས་གྲུབ།