བལ་ཡུལ་དུ་བློན་ཆེན་བསྐོ་བཞག་ཐད་དཀའ་ངལ་འཕྲད་བཞིན་པ།
བལ་ཡུལ་སྲིད་བློན་མཆོག་གིས་བློན་ཆེན་རྣམས་བསྐོ་བཞག་གནང་ཕྱོགས་ཐད་དཀའ་རྙོག་ཕྲད་དེ་ཀོང་རེ་སི་ཚོགས་པ་དང་འབྲེལ་བ་གནང་གི་ཡོད་པ།
-
2009-06-07 -
-
-
༄༅༎བལ་ཡུལ་ནང་སྲིད་བློན་གསར་པ་མ་རྡལྦ་ཀུ་མར་ནེ་པལ་མཆོག་གིས་བློན་ཆེན་རྣམས་བསྐོ་བཞག་གནང་ཕྱོགས་ཐད་དཀའ་རྙོག་ཕྲད་དེ་ད་ཆ་ཕྱོགས་འགལ་ཀོང་རེ་སི་ཚོགས་པ་དང་འབྲེལ་བ་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག
བལ་ཡུལ་གྱི་མཁ་སེཊེ་དང་ལེ་ནིན་དམར་ཤོག་ཆིག་སྒྲིལ་ཚོགས་པས་སྣེ་ཁྲིད་པའི་གཞུང་གསར་པས་བདུན་ཕྲག་གཉིས་རིང་བློན་ཆེན་ཆ་ཚང་བསྐོ་བཞག་གནང་ཐུབ་མེད་པར་བརྟེན་རེས་གཟའ་ཉི་མའི་ཉིན་སྲིད་བློན་གསར་པ་མ་རྡལྦ་ཀུ་མར་ནེ་པལ་མཆོག་གིས་ཀོང་རེ་སི་ཚོགས་པའི་དབུ་ཁྲིད་གིར་ཇ་པར་སཐ་ཀོའེ་རེ་ལ་མཆོག་དང་མཇལ་འཕྲད་ཀྱིས་གཞུང་གསར་པའི་བློན་ཆེན་ལྷན་ཚོགས་རྒྱ་བསྐྱེད་གཏོང་ཕྱོགས་སྐོར་བཀའ་བསྡུར་གནང་སྟེ་གཞུང་གསར་པའི་ནང་ཀོང་རེ་སི་ཚོགས་པའི་ཆེས་མཐོའི་དཔོན་རིགས་གཞུང་གསར་པའི་བློན་ཆེན་ཁ་ཤས་ཀྱི་མཚན་གནས་བཞེས་ཕྱོགས་སོགས་ཀྱི་སྐོར་ནང་མོལ་ལྷུག་པོ་གནང་ཡོད་འདུག གཞུང་གསར་པའི་དཀའ་ངལ་གཙོ་བོ་ནི་རེས་གཟའ་པ་སངས་ཉིན་ལྷོ་ཕྱོགས་མརྡེ་ཤི་མི་མང་ཐོབ་ཐང་ཚོགས་པའི་ཚོགས་གཙོ་ཨུཔེན་རྡར་ཡ་རྡལྦ་གྱིས་མནའ་འབྲེལ་གྱི་གཞུང་ནས་ཕྱིར་འཐེན་གྱིས་སྲིད་བློན་གཞོན་པར་བསྐོ་བཞག་གནང་བའི་ཚོགས་པའི་དབུ་ཁྲིད་སྦི་ཇེ་ཀུ་མར་ག་ཆ་རྡར་གཙོས་པའི་དཔོན་རིགས་དྲུག་གིས་ཚོགས་པ་དང་རྒྱབ་འགལ་བྱས་ཡོད་ལུགས་སྐྱོན་འཛུགས་ཀྱིས་ཚོགས་པ་ནས་ཕྱིར་འབུད་བྱས་ཡོད་འདུག།