ཧི་མ་ལ་ཡའི་རི་རྒྱུད་ནས་སྲོག་ཆག་གསར་རྙེད།

འཛམ་གླིང་གི་སྲོག་ཆག་སྲུང་སྐྱོབ་ཚན་པས་ཧི་མ་ལ་ཡའི་ཤར་ཕྱོགས་ཀྱི་རི་རྒྱུད་ནང་སྲོག་ཆག་གྲངས་མང་པོ་གསར་རྙེད་བྱུང་ཡོད་པའི་སྐོར།

༄༅༎འཛམ་གླིང་གི་སྲོག་ཆག་སྲུང་སྐྱོབ་ཚན་པས་ལོ་ངོ་བརྒྱ་ཕྲག་གཅིག་ལྷག་ནང་ཧི་མ་ལ་ཡའི་ཤར་ཕྱོགས་ཀྱི་རི་རྒྱུད་ནང་སྲོག་ཆག་གྲངས་༣༥ལྷག་གསར་རྙེད་བྱུང་སྐོར་གནས་ཚུལ་བཏོན་ཡོད་པ་རེད།

ཡིན་ནའང་གོང་ཞུས་རང་བྱུང་འཁོར་ཡུག་སྲུང་སྐྱོབ་ཚན་པ་དེས་ཧི་མ་ལ་ཡའི་ས་ཁུལ་དེར་འཛུགས་བསྐྲུན་ཤུགས་ཆེ་བྱས་པའི་རྐྱེན་གྱིས་རང་བྱུང་གི་སྲོག་ཆག་ཁག་ལ་གནོན་ཤུགས་ཆེན་པོ་ཕོག་བཞིན་ཡོད་སྐོར་གསུངས་འདུག

གོང་ཞུས་ཀྱི་ཧི་མ་ལ་ཡའི་ས་ཁུལ་དེ་རྒྱ་གར་དང་བལ་ཡུལ་འབྲུག་རྒྱ་ནག་དང་འབར་མ་བཅས་ཀྱི་ས་ཁུལ་དེ་ཆགས་ཀྱི་ཡོད་པ་རེད།

རང་བྱུང་སྲོག་ཆག་གིས་ཕྱུག་པའི་ས་ཁུལ་དེར་གནམ་གཤིས་འགྱུར་ལྡོག་དང་ཤིང་ནགས་གཅོད་འབྲེགས་ཁྲིམས་འགལ་ཐོག་ཁྱི་ར་དང་ནག་ཚོང་སོགས་རྒྱབ་པའི་རྐྱེན་གྱིས་ས་ཁུལ་གྱི་སྲོག་ཆག་ལ་ཉེན་ཚབ་ཆགས་ཡོད་པའི་སྐོར་གོང་ཞུས་འཛམ་གླིང་གི་སྲོག་ཆག་སྲུང་སྐྱོབ་ཚན་པ་དེས་གསུངས་ཡོད་པ་རེད། ཡང་ཚན་པ་དེས་སྲོག་ཆག་གྲངས་༣༥༣གསར་བརྙེད་བྱུང་བའི་ཁོངས་ནས་རྐང་པ་དམར་ཅན་གྱི་སྦལ་བ་འཕུར་འགྲོ་ཐུབ་མཁན་ཞིག་དང་ས་འོག་ནས་ཐོན་པའི་བུ་གསར་པ་ཞིག་དང་ཕི་ཀྲི་གཉིས་ནས་གསུམ་བར་བྱས་པའི་ཤྭ་བ་ཆུང་ངུ་ཞིག་གསར་བརྙེད་བྱུང་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་ཨ་རུ་ན་ཅལ་པར་རྡེཤི་ཞེས་པའི་མངའ་སྡེའི་ནང་སྤྲེའུ་གསར་པ་ཞིག་གསར་རྙེད་བྱུང་བ་དེ་འཛམ་གླིང་གི་སྤྲེའུ་ནང་ནས་ས་བབ་མཐོ་ཤོས་སུ་ཆགས་པའི་སྤྲེའུ་ཆགས་ཀྱི་ཡོད་པ་རེད། ཡང་ཧི་མ་ལ་ཡའི་ས་ཁུལ་དེར་ཤིང་སྣ་༢༤༢གསར་རྙེད་བྱུང་བའི་ཁོངས་ནས་མེ་ཏོག་སྔོན་པོ་ཞིག་རྒྱ་མིའི་རྩི་ཤིང་རིག་པ་བ་གཉིས་ཀྱིས་བོད་ཀྱི་རོང་གཏིང་ཞིག་ནས་གསར་རྙེད་བྱུང་ཡོད་པ་རེད། གོང་ཞུས་ཀྱི་མེ་ཏོག་དེ་གནམ་གཤིས་ལ་བརྟེན་ནས་ཚོས་གཞི་འགྱུར་གྱི་ཡོད་པ་དང་དེ་ཡང་མེ་ཏོག་རྙེད་སའི་རོང་གཏིང་གི་ས་ཁུལ་ཁག་ཅིག་ཨ་མི་རི་ཀའི་ནང་གྲགས་ཆེ་བའི་གེ་རེན་ཌི་ཁེན་ཡེན་ཞེས་པ་དེ་ལས་གཏིང་རིང་བ་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org