༧གོང་ས་མཆོག་ཞི་བདེའི་ལྷན་ཚོགས་ཤིག་ཏུ་ཆིབས་བསྒྱུར།
2011.05.10
༄༅༎ཨ་རིའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ནེ་ལྦརཀ་ནི་ཧ་ཅང་གི་དྲག་ཟིང་ཆེན་པོ་ཡོད་པའི་གྲོང་ཁྱེར་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་དང་ གཟའ་པ་སངས་ཉིན་ བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་དེའི་ནང་ཞབས་སོར་འཁོད་གནང་མཛད་དེ་ ཞི་བདེའི་ལྷན་ཚོགས་ཤིག་གི་ཚོགས་མགོན་དུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་ཡིན་པ་རེད།
ཚོགས་འདུ་དེའི་བརྗོད་གཞི་གཙོ་བོ་ནི་ འཚེ་མེད་ཞི་བའི་ཐབས་ལམ་དང་ ཐབས་ལམ་དེ་བརྒྱུད་ཞི་བདེ་འགྲུབ་ཐབས་སོགས་ཀྱི་སྐོར་ཡིན་ཞིང་ ནེ་ལྦརཀ་ཞི་བདེའི་ཤེས་ཡོན་གྱི་ཆེས་མཐོའི་ཚོགས་འདུ་ཞེས་པ་དེའི་ནང་ སྡེ་ཚན་མི་འདྲ་བའི་ཆེད་ལས་མི་སྣ་དང་ ནེ་ལྦརཀ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་སོགས་ཞི་བདེ་དོན་གཉེར་གྱི་ཚོགས་པ་དང་མི་སྒེར་མང་དག་ཅིག་མཉམ་ཞུགས་གནང་རྒྱུ་ཡིན་འདུག།
ཚོགས་འདུ་དེའི་དམིགས་ཡུལ་གཙོ་བོ་ནི་ འཚེ་མེད་ཞི་བའི་ཤེས་ཡོན་དར་སྤེལ་བཏང་སྟེ་ དྲག་ཟིང་ཆེ་བའི་སྤྱི་ཚོགས་ཀྱི་ངོ་བོ་འགྱུར་བ་གཏོང་་ཐབས་ཆེད་ཡིན་པ་དང་ ཚོགས་འདུའི་གོ་སྒྲིག་པ་ཚོས་འཚེ་མེད་ཞི་བའི་ཐབས་ལམ་འདི་ཧ་ཅང་གལ་འགངས་་ཆེན་པོ་ཡིན་པའི་རྒྱུ་མཚན་ནི་འགྲོ་བ་མིའི་སྤྱི་ཚོགས་འདི་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་ཐོག་ནས་འཚོ་གནས་དགོས་པ་དེ་ཡིན་ཞིང་ དེ་ཡང་འཚེ་མེད་ཞི་བ་ཞེས་པ་དེ་ནི་ དྲག་ལས་དང་དྲག་ཟིང་ལ་མགོ་བོ་སྒུར་བ་ཞིག་ཏུ་གོ་རྒྱུ་མིན་པར་ དེ་ནི་དྲག་ལས་བཟློག་ཐབས་སུ་དྲག་ལས་སྤོང་པའི་ལྟ་གྲུབ་ཅིག་ཏུ་གོ་དགོས་པ་བརྗོད་འདུག།
ཚོགས་འདུ་དེའི་ཐོག་སྐུ་མགྲོན་མི་སྣ་ ༣༠༠༠ ལྷག་མཉམ་ཞུགས་ཡོང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་ དེའི་ཁོངས་ནས་ཆིག་སྟོང་སྐོར་ཞིག་སློབ་ཕྲུག་ཡིན་འདུག། ས་གནས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནེ་ལྦརཀ་གྲོང་ཁྱེར་དུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུར་དགའ་བསུ་ཞུ་བའི་མཚོན་དོན་དུ་ ཞེང་ལ་ཕིཌི་ལྔ་བཅུ་དང་ རིང་ཐུང་ཕིཌ་གསུམ་བཅུ་ཡོད་པའི་ལྡེབས་རིས་ཤིག་་གྲ་སྒྲིག་ཞུ་བཞིན་ཡོད་འདུག།