འཚེ་མེད་ཞི་བའི་ནུས་སྟོབས་སྐོར་ཞི་བདེའི་སློབ་གསོའི་བགྲོ་གླེང་།

༧གོང་ས་མཆོག་ནེ་ལྦརཀ་ཏུ་འཚེ་མེད་ཞི་བའི་ནུས་སྟོབས་སྐོར་གྱི་ཞི་བདེའི་སློབ་གསོའི་བགྲོ་གླེང་གི་ཚོགས་མགོན་དུ་ཞབས་སོར་འཁོད་གནང་བ།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག ཕྱི་ཟླ་ ༥ ཚེས ༡༣ ཉིནཨ་མི་རི་ཀའི་ཤར་ཕྱོགས་ཀྱི་མངའ་སྡེ་ནིའུ་ཇེར་སིའི་གྲོང་ཁྱེར་ ནེ་ལྦརཀ་ཏུ་ཚུགས་པའི་འཚེ་མེད་ཞི་བའི་ནུས་སྟོབས་སྐོར་གྱི་ཞི་བདེའི་སློབ་གསོའི་བགྲོ་གླེང་གི་ཚོགས་མགོན་དུ་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།

ནི་ལྦརཀ་གྲོང་ཁྱེར་འདི་ནི་ཨ་མི་རི་ཀའི་ཤར་ཕྱོགས་ཁུལ་གྱི་དྲག་ལས་ཆེ་ཤོས་ཡོད་སའི་ས་ཁུལ་ཞིག་ཡིན་ཞིང་ཞི་བདེའི་སློབ་གསོའི་ཚོགས་འདུ་དེ་བཞིན་ནིའུ་ཡོརཀ་ཏུ་ཡོད་པའི་བོད་ཁང་ཐེབས་རྩ་དང་། ཌི་རུ་ཀེཛ་ཐེབས་རྩ་ཁང་ཐོུང་ནས་གོ་བསྒྲིག་ཞུས་པ་ཞིག་ཡིན་ཞིང་བགྲོ་གླེང་གི་ཚོགས་འདུ་དེའི་ནང་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་པ་པོ་དང་བསམ་བློའི་མཁས་པ་རྡི་པཀ་ཆོཔ་ར་དང་དེ་སྔོན་གྲོང་ཁྱེར་དེའི་ནང་གི་བཟུང་ཁྲག་ཅེས་པ་དྲག་ཚོགས་ཀྱི་ཚོགས་མི་གཞན་ཡང་དགེ་རྒན་དང་སྤྱི་ཚོགས་ཞབས་ཞུ་བཚན་རིག་པ་དང་ཤེས་ཡོན་ཅན་ གཞན་ཡང་གསར་འགོད་པ་སོགས་སྤྱི་ཚོགས་ཀྱི་སྡེ་ཚན་འདྲ་མིན་གྱི་ཆེད་ལས་མི་སྣ་མཉམ་ཞུགས་གནང་ཡོད་པ་རེད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འཚེ་མེད་ཞི་བའི་སྤྱོད་པ་ནི་ཞི་བདེ་བསྐྲུན་རྒྱུར་ངེས་པར་དགོས་པ་ཞིག་ཡིན་པ་དང་འཚེ་མེད་ཞི་བའི་སྤྱོད་པ་ཞེས་པ་དེ་དྲག་པོའི་ཡུལ་ཞིག་དང་དངོས་སུ་གདོང་ཐུག་སྐབས་དེར་དྲག་ལས་ཀྱི་ཡ་ལན་མ་སློག་པར་བཟོད་བསྲན་བྱེད་པའི་སྤྱོད་པ་ཞིག་ལ་གོ་དགོས་ཀྱི་རེད་ཅེས་དང་རྒྱུན་དུ་ཡུལ་དེ་འདྲ་ཞིག་དང་དངོས་སུ་མ་འཕྲད་པའི་སྐབས་འཚེ་མེད་ཞི་བ་ཞེས་ཁ་ནས་བཤད་པ་ཙམ་གྱིས་ཞི་བདེ་བསྐྲུན་རྒྱུར་ཕན་ཐོགས་གང་ཡང་འབྱུང་རྒྱུ་མིན་པ་བཀའ་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org