བྱང་ཀོ་རི་ཡ་ཡིས་ཨ་རི་དང་ལྷོ་ཀོ་རི་ཡ་ལ་ཉེན་བརྡ་བཏང་བ།
བྱང་ཀུ་རི་ཡས་ཁྱད་ཏུ་འཕགས་པའི་དམག་འཐབ་ཀྱི་རྒོལ་ལམ་སློག་རྒྱུ་ཡིན་ལུགས་ཀྱི་ཉེན་བརྡ་བཏང་ཡོད་འདུག
-
2012-02-25 -
-
-
༄༅༎བྱང་ཀུ་རི་ཡ་གཞུང་གིས་གལ་སྲིད་ཨ་རི་དང་ལྷོ་ཀུ་རི་ཡས་འཆར་གཞི་བཞིན་ལོ་རེའི་དམག་དོན་སྦྱོང་བརྡར་བྱེད་ཚེ་བྱང་ཀུ་རི་ཡས་དེར་དམིགས་ཏེ་ཁྱད་ཏུ་འཕགས་པའི་དམག་འཐབ་ཀྱི་རྒོལ་ལམ་སློག་རྒྱུ་ཡིན་ལུགས་ཀྱི་ཉེན་བརྡ་བཏང་ཡོད་འདུག བྱང་ཀུ་རི་ཡའི་དམག་དོན་ལྷན་ཁང་གིས་ ལྷོ་ཀུ་རི་ཡ་དང་ཨ་རི་གཉིས་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་རྡར་བྱེད་པ་དེས། ཀུ་རི་ཡ་ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་ལ་གནོད་ཚབས་བཟོ་གཞི་དང་ཁ་གཏད་ཀྱི་བྱ་སྤྱོད་ཅིག་མཚོན་རྒྱུ་ཡིན་ལུགས་བརྗོད་པའི་ཁར། བྱ་སྤྱོད་དེ་རིགས་ལ་བྱང་ཀུ་རི་ཡ་ཕྱོགས་ནས་ཁ་གཏད་ཀྱི་རྣམ་འགྱུར་འཛིན་རྒྱུ་ཡིན་ལུགས་བརྗོད་ནས། བྱང་ཀུ་རི་ཡར་ཨ་རིའི་རྡུལ་ཕྲན་གོ་མཚོན་གྱི་སྟོབས་ཤུགས་ལས་ལྷག་པའི་དམག་དོན་གྱི་སྟོབས་ཤུགས་ཡོད་ལུགས་ཀྱི་ཉེན་བརྡ་བཏང་ཡོད་པ་རེད། ཨ་རི་དང་ལྷོ་ཀུ་རི་ཡའི་དབར་ཕྱི་ཟླ་གཉིས་པའི་ཚེས་༢༧ནས་ཕྱི་ཟླ་གསུམ་པའི་ཚེས་༩བར་ཀུ་རི་ཡ་ཕྱེད་གླིང་དུ་མཉམ་འབྲེལ་གྱི་དམག་དོན་སྦྱོང་བརྡར་བྱ་རྒྱུའི་འཆར་གཞི་ཡོད་པའི་ཁར། ཕྱི་ཟླ་གསུམ་པའི་ཚེས་༡ནས་ཕྱི་ཟླ་བཞི་པའི་ཚེས་༣༠བར་ལ་ཡང་མཉམ་འབྲེལ་གྱི་དམག་དོན་སྦྱོང་བརྡར་གཞན་ཞིག་བྱ་རྒྱུའི་འཆར་གཞི་ཡོད་ཅིང་། ཨ་རི་དང་ལྷོ་ཀུ་རི་ཡའི་དབར་རྒྱུན་དུ་ནས་མཉམ་འབྲེལ་གྱི་དམག་དོན་སྦྱོང་བརྡར་རིགས་སྤེལ་བའི་སྐབས། ཨ་རི་དང་ལྷོ་ཀུ་རི་ཡའི་དམག་མི་སྟོང་ཕྲག་ཁ་ཤས་མཉམ་བཞུགས་བྱེད་ཀྱི་ཡོད་ཅིང་། ཡུལ་གྲུ་གཉིས་དབར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱེད་དགོས་པའི་དམགིས་ཡུལ་གཙོ་བོ་ནི། ལྷོ་ཀུ་རི་ཡའི་སྲུང་སྐྱོབ་ཀྱི་ནུས་ཤུགས་མཐོ་རུ་གཏོང་ཆེད་ཡིན་པ་ཡུལ་གྲུ་གཉིས་ཀྱི་དམག་དོན་དཔོན་རིགས་ནས་འགྲེལ་བརྗོད་གནང་ཡོད་འདུག།