བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པ།

བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་འགའ་ཤས་ཚོད་བལྟ་བྱས་པ་དེ་ནི་རྒྱལ་ཚོགས་ཀྱི་གྲོས་ཆོད་དང་འགལ་འཛོལ་གྱི་བྱ་སྤྱོད་ཡིན་ལུགས།

༄༅༎རེས་གཟའ་ཟླ་བའི་ཉིན་བྱང་ཀོ་རི་ཡས་རྒྱང་ཐག་ཐུང་ངུར་སྙོབས་པའི་མེ་ཤུགས་འཕུར་མདེལ་འགའ་ཤས་ཚོད་བལྟ་བྱས་པ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡའི་ཐོག་གྲོས་ཆོད་རིམ་པ་བཞག་པ་དེ་དག་དང་འགལ་འཛོལ་གྱི་བྱ་སྤྱོད་ཅིག་ཡིན་ལུགས་ལྷོ་ཀོ་རི་ཡས་སྐྱོན་བརྗོད་བྱས་འདུག

འདས་པའི་གཟའ་འཁོར་འགའ་ཤས་ཀྱི་ནང་བྱང་ཀོ་རི་ཡས་ངོས་ནས་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀར་གཉིས་ཀར་ཞི་བའི་རྣམ་འགྱུར་སྟོན་པའི་ལས་དོན་སྣ་ཚོགས་ཤིག་བྱས་ཡོད་ན་ཡང་ད་རེས་སླར་ཡང་མེ་ཤུགས་འཕུར་མདེལ་ཚོད་བལྟ་བྱས་པ་དེར་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་མེ་ཤུགས་འཕུར་མདེལ་ཚོད་བལྟ་བྱས་པ་དེ་ནི་རྒྱུན་ལྡན་དམག་སྦྱོངས་ཀྱི་ལས་གཞིའི་གྲས་ཤིག་ཡིན་སྲིད་པ་བརྗོད་མཁན་རིགས་ཤིག་དང་ཡང་ཁག་ཅིག་གིས་བྱང་ཀོ་རི་ཡའི་བྱ་སྤྱོད་དེ་ནི་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དམག་དོན་གྱི་སྟོབས་ཤུགས་ངོམས་ཐབས་བྱས་པ་ཞིག་ཡིན་པ་བརྗོད་བཞིན་ཡོད་པ་རེད།

བྱང་ཀོ་རི་ཡ་རྒྱལ་ཁབ་དྲུག་གི་གྲོས་མོལ་ནང་ཕྱིར་ལོག་དགོས་རྒྱུར་རྒྱ་ནག་ཐེ་བའི་ཡུལ་གྲུ་གཞན་ལྔ་པོས་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་ཅིང་རྒྱལ་ཁབ་དྲུག་གི་གྲོས་མོལ་ལས་དོན་དེ་ནི་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་གཞི་མཚམས་འཇོག་ཡོང་ཐབས་སུ་ཆེད་མངགས་བཙུག་པ་ཞིག་ཡིན་པ་རེད། དེའི་ནང་ཉི་ཧོང་དང་ཨ་རི་ ལྷོ་ཀོ་རི་ཡ་དང་ར་ཤི་ཡ་ རྒྱ་ནག་དང་བྱང་ཀོ་རི་ཡ་བཅས་ཡོད་པ་རེད།

ལྷོ་ཀོ་རི་ཡའི་ཡོན་ཧཔ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་བྱང་ཀོ་རི་ཡའི་ངོས་ནས་ད་དུང་མེ་ཤུགས་འཕུར་མདེལ་འགའ་ཤས་ཚོད་བལྟ་བྱེད་འཆར་ཡོད་འདུག་ཅིང་ཉི་ཧོང་གི་མཚོ་དམག་སྲུང་སྐྱོབ་དམག་དཔུང་ལ་བྱང་ཀོ་རི་ཡས་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་བར་ཉིན་མཚན་བསྟུད་མར་དམག་རྩལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པའི་སྔོན་བརྡ་བྱུང་ལུགས་བརྗོད་འདུག

མེ་ཤུགས་འཕུར་མདེལ་ཚོད་ལྟའི་གནས་ཚུལ་གྱི་ཐོག་ནས་ཕན་ཚུན་ལབས་གླེང་གསར་པ་ཞིག་བྱུང་མིན་ལ་མ་བལྟོས་པར་ལྷོ་བྱང་ཀོ་རི་ཡ་གཉིས་དབར་གཟའ་མིག་དམར་ཉིན་བྱང་ཀོ་རི་ཡར་ཟ་འབྲུའི་རོགས་རམ་མཁོ་སྤྲོད་བྱ་ཕྱོགས་ལ་སོགས་པ་གནད་དོན་འགའ་ཤས་ཀྱི་ཐོག་མོས་མཐུན་ཡང་བྱུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org