ཨི་ཇིཔཏ་ནང་སྒེར་ལངས་པར་དྲག་ཚུབ་མཚམས་འཇོག་དགོས།

ཨི་ཇིཔཏ་གཞུང་ལ་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་སྤེལ་མཁན་ཚོའི་ཐོག་དྲག་རྩུབ་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་དགོས་པའི་དགོས་འདུན།

༄༅༎ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་དང་ཡོ་རོབ་མཐུན་ཚོགས་དེ་བཞིན་ཉེ་ཧོང་ལ་སོགས་པ་ཡུལ་གྲུ་མང་པོའི་གཞུང་གིས་ དཀྱིལ་ཤར་ཡུལ་གྲུ་ཨི་ཇིཔཏ་གྱི་གཞུང་འཛིན་པ་ཚོས་གཞུང་ལ་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་སྤེལ་མཁན་ཚོའི་ཐོག་དྲག་རྩུབ་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་གནང་འདུག།

ཨི་ཇིཔཏ་གྱི་སྲིད་འཛིན་ཧོསི་ནི་མུ་སྦ་རཀ་གྱིས་འདས་པའི་ལོ་ངོ་གསུམ་བཅུའི་རིང་ཨི་ཇིཔཏ་གྱི་སྲིད་འཛིན་གནང་ཡོད་ཅིང་ མང་ཚོགས་ཀྱིས་ཁོང་སྲིད་འཛིན་ནས་དགོངས་ཞུ་དགོས་པའི་སྐད་འབོད་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། ཡང་ཨི་ཇིཔཏ་ནི་དཀྱིལ་ཤར་མངའ་ཁུལ་དེའི་ནང་གི་ཨ་མི་རི་ཀའི་མཐུན་ཕྱོགས་ཡུལ་གྲུ་གཙོ་བོའི་གྲས་ཞིག་ཡིན་ཞིང་ ལོ་ལྟར་ཨ་མི་རི་ཀས་ཌོ་ལར་ཐེར་འབུམ་འགའ་ཤས་ཀྱི་རོགས་རམ་གནང་བཞིན་ཡོད་པ་དང་ སྲིད་འཛིན་ཨོ་སྦ་མཆོག་གིས་ གལ་ཏེ་ངོ་རྒོལ་བ་ཚོའི་ཐོག་ཨི་ཇིཔཏ་གཞུང་གིས་དྲག་གནོན་མུ་འཐུད་བྱེད་ཚེ་ ཨ་རིའི་ངོས་ནས་རོགས་རམ་དེ་དག་གི་ཐོག་བསྐྱར་དུ་དགོངས་བཞེས་གནང་དགོས་པ་ཆགས་རྒྱུ་ཡིན་སྐོར་ཡང་གསུངས་ཡོད་འདུག།

ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཨི་ཇིཔཏ་གྱི་མི་དམངས་ཚོར་འཛམ་གླིང་ཀུན་ཁྱབ་ཀྱི་ཐོབ་ཐང་ཁག་ཡོད་དགོས་པ་དང་ ཐོབ་ཐང་དེ་དག་གི་ཁོངས་སུ་སོ་སོའི་མ་འོངས་པའི་མདུན་ལམ་ཐག་གཅོད་བྱེད་རྒྱུར་དམིགས་པའི་འདུ་འཛོམས་ཀྱི་རང་དབང་དང་སྨྲ་བརྗོད་ཀྱི་རང་དབང་སོགས་ཚུད་ཡོད་པ་རེད་ཅེས་གསུངས་འདུག།

ཡང་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་དབུ་འཁྲིད་སྐུ་ཞབས་ཧར་མན་ལྦེན་རོམ་པའེ་གྱི་མཚན་ཐོག་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་ འདས་པའི་ཉིན་གྲངས་ལྔའི་རིང་ ཨི་ཇིཔཏ་གྱི་ངོ་རྒོལ་སྒེར་ལངས་ཀྱི་ནང་མཉམ་ཞུགས་བྱ་མཁན་གྱི་མི་གྲངས་གསུམ་བཅུ་ལྷག་རྐྱེན་ལམ་དུ་བཏང་པ་སོགས་དྲག་རྩུབ་ཀྱི་ལས་དོན་ཁྱབ་སྤེལ་འགྲོ་བཞིན་པ་དེར་ཐོག་ཐུགས་ཚབས་ཆེན་པོ་ཡོད་པ་དང་ གནས་སྟངས་འདིའི་འོག་ཕྱོགས་ཕན་ཚུན་དབར་གྲོས་མོལ་འབྱུང་རྒྱུ་ཁག་པོ་བཟོ་བཞིན་ཡོད་པ་གསུངས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org