སྲིད་འཛིན་ཨོ་བྷ་མས་མི་གྲངས་ས་ཡ་ལྔ་ཕྱིར་འབུད་ལས་སྐྱོབ་པ།
ཨོ་བྷ་མ་མཆོག་གིས་སྲིད་འཛིན་གྱི་སྐུ་དབང་བེད་སྤྱད་ནས་ཨ་རིའི་ནང་ཡིག་ཆ་མེད་མཁན་ས་ཡ་ལྔ་གནས་ཆོག་པའི་ཐག་གཅོད་གནང་འདུག
-
2014-11-21 -
-
-
ཨོ་བྷ་མ་མཆོག་གིས་སྲིད་འཛིན་གྱི་སྐུ་དབང་བེད་སྤྱད་ནས་ཨ་རིའི་ནང་ཡིག་ཆ་མེད་མཁན་ས་ཡ་ལྔ་གནས་ཆོག་པའི་ཐག་གཅོད་གནང་འདུག
དེ་ཡང་ཨ་རིའི་ནང་ཁྲིམས་མཐུན་གྱི་ཡིག་ཆ་མེད་པའི་མིའི་གྲངས་འབོར་མི་གྲངས་ས་ཡ་༡༡ཙམ་ཡོད་ཅིང་། དེ་དག་ལ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ཐོབ་ཐང་སྤྲོད་དགོས་པ་དང་། ཡང་ན་ཕྱིར་འབུད་གཏོང་དགོས་མིན་གྱི་གནད་དོན་ཐད་མང་ཚོགས་ཁྲོད་བསམ་ཚུལ་འདྲ་མིན་ཡོད་པ་མ་ཟད། རྒྱལ་ཡོངས་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་དབར་འགལ་ཟླ་ཆེན་པོ་ཡོད་པའི་རྐྱེན་གྲོས་ཚོགས་ནང་ཕྱི་མིའི་ཁྲིམས་ཡིག་ལ་བསྐྱར་བཅོས་ཀྱི་གྲོས་ཆོད་འཇོག་མ་ཐུབ་པར་ཡུན་རིང་ལུས་ཡོད་པ་རེད། སྲིད་འཛིན་Obamaམཆོག་གིས་ གྲོས་ཚོགས་ནས་ཕྱི་མིའི་གནས་བབས་དང་འབྲེལ་བའི་ཁྲིམས་ཡིག་གཏན་འབེབས་མ་བྱུང་ཚེ་ སྲིད་འཛིན་གྱི་སྐུ་དབང་བེད་སྤྱོད་བརྒྱུད་དེ་དཀའ་ངལ་སེལ་རྒྱུའི་སྐོར་ནན་སྐུལ་ལན་མང་གནང་ཡོད་པར་ལྟར། ཁ་ས་རེས་གཟའ་ཕུར་བུའི་ཉིན་སྲིད་འཛིན་མཆོག་གིས། རྒྱལ་ཡོངས་བརྙན་འཕྲིན་ཐོག་ཁྲིམས་མཐུན་ཡིག་ཆ་མེད་པའི་མི་མང་ས་ཡ་མང་པོའི་བདེ་སྡུག་སེལ་ཐབས་སླད་ཁྲིམས་འཆར་ཐག་གཅོད་གསལ་བསྒྲགས་གནང་ཡོད་པ་རེད། སྲིད་འཛིན་མཆོག་གིས། ཨ་རིའི་ནང་ཁྲིམས་མཐུན་གྱི་ཡིག་ཆ་མེད་པའི་མི་འབོར་ཁྲོད་ཁྲིམས་འགལ་གྱི་ནག་ཉེས་མེད་པའི་རིགས་མི་གྲངས་ས་ཡ་ལྔ་ཙམ་ཡོངས་ཁུངས་རྒྱལ་ཁབ་དུ་ཕྱིར་ལོག་བྱེད་མི་དགོས་པར་ཨ་རིའི་ནང་ལས་ཞུགས་ཆོག་པའི་བཀའ་ཁྲོལ་ཐག་གཅོད་གནང་སྟེ་ཁྲིམས་མཐུན་གྱི་ཡིག་ཆ་མེད་པའི་མི་གྲངས་ས་ཡ་ལྔ་ཙམ་ལ་ཆག་ཡང་ཐོབ་ཡོད་པ་རེད། ཕྱོགས་འགལ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་སྲིད་འཛིན་གྱི་སྐུ་དབང་བེད་སྤྱོད་ཀྱི་ཁྲིམས་འཆར་གཏན་འབེབས་བྱས་བ་དེར་སྔོན་ནས་འགག་པ་བྱེད་མུས་ཡིན་པ་ལྟར་ད་རེས་སྲིད་འཛིན་མཆོག་ནས་ཕྱི་མིའི་གནས་བབས་ལ་ཁྲིམས་འཆར་གསལ་བསྒྲགས་གནང་པའི་རྗེས་སྤྱི་མཐུན་ཚོགས་པའི་འཐུས་མི་དང་གྲོས་ཚོགས་འོག་མིའི་ཚོགས་གཙོ་John Boehnerམཆོག་གིས་སྲིད་འཛིན་གྱི་ཐག་གཅོད་འདི་བཞིན་རྩ་ཁྲིམས་དང་ལོགས་སུ་འགལ་བ་མ་ཟད་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་བརྩི་མེད་བཏང་བ་ཡིན་སྐོར་སྐྱོན་བརྗོད་བྱས་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།