ཨ་རིའི་སྲིད་འཛིན་གྱི་སྐབས་གཉིས་བའི་དམ་འབུལ་དང་ཁྲི་སྟོན།

ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་ནས་ཕོ་བྲང་དཀར་པོའི་ནང་སྐབས་གཉིས་པའི་སྲིད་འཛིན་གྱི་མཛད་འཁུར་དམ་འབུལ་ཞུས་བ་དང་། ད་ལྟ་ཁྲི་སྟོན་མཛད་སྒོ་སྤེལ་བཞིན་པ་རེད།

དེ་ཡང་གནས་ཚུལ་ལྟར། ཨ་མི་རི་ཀའི་སྲིད་འཛིན་བྷ་རག་ཨོ་བྷ་མ་མཆོག་གིས་ཚེས་༢༠ཉིན་གཞུང་འབྲེལ་གྱི་ཐོག་ནས་ཕོ་བྲང་དཀར་པོའི་ནང་། ཨ་རིའི་ཆེས་མཐོའི་ཁྲིམས་དཔོན་ཆེན་མོ་བ་སྐུ་ཞབས་ John Roberts མཆོག་གི་མདུན་ནས་སྐབས་གཉིས་པའི་མཛད་འཁུར་གྱི་དམ་བཅའ་ཕུལ་ཡོད་པ་དང་། དེ་བཞིན་སྲིད་འཛིན་གཞོན་པས་ཀྱང་མཉམ་དུ་ལས་ཁུངས་ནང་མཛད་འཁུར་དམ་འབུལ་གནང་ཡོད་འདུག

རྩ་བའི་རྩ་ཁྲིམས་གཞིར་བཟུང་ལྟར་ན།  ཕྱི་ཟླ་༡པོའི་ཚེས་༢༠ཉིན་གཟའ་ཉི་མ་འཁེལ་ཡོད་སྟབས། རྩ་ཁྲིམས་དགོངས་དོན་ལྟར་ཉིན་དེར་ཁོང་རྣམ་གཉིས་ཀྱི་ནང་མི་མཉམ་ཞུགས་ཐོག་མཛད་སྒོ་སྟབས་བདེ་ཞིག་དང་བསྟུན་ནས་དམ་འབུལ་ཞུས་ཡོད་པ་ལས། རྒྱལ་ཡོངས་ཀྱི་དམ་འབུལ་མཛད་སྒོ་དངོས་གཞི། ད་ལྟ་ཚེས་༢༡སྟེ་ཨ་རིའི་སྤྱི་དམངས་དང་། མི་རིགས་ནག་པོའི་རང་དབང་འཐབ་རྩོད་པ་མར་ཀྲེན་ལོའུ་ཏན་ཁེན་དམ་པའི་སྐུའི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་ཞུ་བའི་དུས་ཚོད་དང་བསྟུན་ནས་ཕོ་བྲང་དཀར་པོའི་མདུན་ཐང་དུ་མཛད་སྒོ་གནང་གི་ཡོད་པ་རེད།

དེ་སྔ་ལོ་བཞིའི་གོང་དང་མི་འདྲ་བར་ཐེངས་འདིའི་མཛད་སྒོའི་སྐབས་མི་མང་འབུམ་དྲུག་ནས་བརྒྱད་བར་འདུ་འཛོམས་ཡོང་རྒྱུའི་ཚོད་རྩིས་བྱེད་ཀྱི་ཡོད་པ་རེད། མཛད་སྒོའི་ཐོག་སྲིད་འཛིན་ཨོ་བྷ་མ་མཆོག་གིས་འདས་པའི་ལོ་བཞིའི་རིང་གི་ལས་དོན་དང་དཀའ་རྙོག་རིགས་གཞི་ལ་བཞག་པའི་ཐོག་ནས། འབྱུང་འགྱུར་ལོ་བཞིའི་རིང་སྲིད་བྱུས་འཛིན་ཕྱོགས་ཀྱི་གནད་དོན་ཕྱི་བསྒྲགས་གནང་རྒྱུ་གཙོ་བའི་གཏམ་བཤད་ལ་ཚང་མས་དོ་སྣང་བྱེད་བཞིན་པ་རེད།

དགུང་ལོ་༥༡ལ་ཕེབས་ཡོད་པའི་སྲིད་འཛིན་བྷ་རག་ཨོ་བྷ་མས།  དེ་རིང་ཨ་རིའི་གྲོས་གྲོགས་ཀྱི་མདུན་ཐང་དུ་ཨ་རིའི་སྲིད་འཛིན་ ༤༤ བའི་ལས་འཁུར་དམ་འབུལ་གནང་ཡོད་པ་རེད།  ཨ་རིའི་ཆེས་མཐོའི་ཁྲིམས་དཔོན་ཆེན་མོ་བ་སྐུ་ཞབས་ John Roberts ཡི་མདུན་དུ་མཛད་འཁུར་གྱི་དམ་བཅའ་ཕུལ་དོན།    ངས་ལྷག་བསམ་རྣམ་དག་ངང་ཨ་རིའི་སྲིད་འཛིན་གྱི་ལས་དོན་སྒྲུབ་རྒྱུ་ཡིན།   ངས་ནུས་པ་གང་ཡོད་ཀྱིས་ཨ་རིའི་རྩ་ཁྲིམས་སྲུང་སྐྱོབ་རྒྱུ་ཡིན་ཞེས་ལས་འཁུར་དམ་བཅའ་ཕུལ་རྗེས་།  སྲིད་འཛིན་ཨོ་སྦ་མས་ མ་འོངས་བའི་ལོ་བཞི་ཡི་ལས་དོན་ཐད་ལ་གསུངས་བཤད་གནང་དོན།  ལོ་ངོ་བཅུ་ཕྲག་རིང་གི་དམག་འཁྲུག་མཇུག་སྒྲིལ་བ་དང་།   དཔལ་འབྱོར་བསྐྱར་གསོ་འགོ་ཚུགས་ཟིན་ལ། ཨ་རིའི་འགྲུབ་སྲིད་པའི་ལས་དོན་ལ་མཐའ་མེད་པ་ཞིག་ཡིན།  ཞེས་གསུངས་འདུག ཡང་ཁོང་གིས་ཨ་རིའི་ངོས་ནས་འཛམ་གླིང་སྟེང་རང་དབང་དང་།  དམངས་གཙོ་བརྩོན་ལེན་བྱེད་མཁན་རྣམས་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཞེས་གསུངས་འདུག

ད་ཐེངས་ཀྱི་སྲིད་འཛིན་ལས་འཁུར་དམ་འབུལ་མཛད་སྒོར་། སྲིད་འཛིན་ཁུ་ལིན་ཏོན་།  སྲིད་འཛིན་ ཁ་ཐིར། དེ་བཞིན་གྲོས་ཚོགས་གྱི་འཐུས་མི་རྣམས་་གཙོས་པའི་མི་གྲངས་འབུམ་བརྒྱད་ཙམ་ཞུགས་ཡོད་པ་རེད།    ཕྱི་དྲོ་ཨ་རིའི་སྲིད་འཛིན་ཨོ་སྦ་མ་གྲོས་ཚོགས་ཀྱི་མདུན་ཐང་ནས་། ཕོ་བྲང་དཀར་པོའི་མདུན་དུ་ཕེབས་པ་དང་།  སྲིད་འཛིན་པོ་བྲང་དཀར་པོའི་མདུན་དུ་་མུ་མཐུད་དུ་དགའ་སྟོན་མཛད་སྒོ་ཚོགས་ནས་ཨ་རིའི་མངའ་སྡེ་སོ་སོས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་གཞས་དང་ཞབས་བྲོ་འཁྲབ་སྟོན་བྱས་ཡོད་པ་རེད།

༢༠༠༩ ལོའི་ཁོང་གི་ཐོག་མའི་སྲིད་འཛིན་དམ་འབུལ་སྐབས་རྒྱལ་ས་ཝ་ཤིན་ཊོན་ལ་མི་གྲངས་ས་ཡ་༢ཙམ་འདུ་འཛོམས་བྱུང་ཡོད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org