ཨ་རིའི་སྲིད་འཛིན་འོས་དམིགས་སུ་ཨོ་སྦ་མཱ་ངེས་གཏན་བྱུང་བ།
སྦ་རག་ཨོ་སྦ་མཱ་མཆོག་ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་དམིགས་སུ་ངེས་གཏན་འཁེལ་ཡོད་འདུག།
-
2008-06-04 -
-
-
༄༅༎འདས་པའི་ཟླ་བ་མང་པོའི་རིང་ཨ་རིའི་སྲིད་འཛིན་འོས་དམིགས་སུ་འགྲན་རྩོད་གནང་བའི་རྗེས་ཁ་ས་རེས་གཟའ་མིག་དམར་ཉིན་སྐུ་ཞབས་སྦ་རག་ཨོ་སྦ་མཱ་མཆོག་མང་གཙོ་ཚོགས་པའི་སྲིད་འཛིན་འོས་དམིགས་སུ་ཐུགས་གཏན་འཁེལ་ཡོད་ལུགས་ཁོང་རང་ཉིད་ནས་མི་ནི་སོ་ཀྲའི་གྲོང་ཁྱེར་སེནདྲ་པོལ་ནང་མི་མང་སྟོང་ཕྲག་མང་པོའི་འདུ་འཛོམས་སར་དྲིལ་བསྒྲགས་གནང་ཡོད་པ་རེད།
དེ་ཡང་ཁོང་གིས། དེ་རིང་ཨ་རིའི་རྒྱལ་རབས་ལོ་རྒྱུས་རྙིང་པ་དེའི་ནང་ལོ་རྒྱུས་གསར་པ་ཞིག་བཀོད་ཐུབ་པ་བྱུང་ཡོད་རེད་ཅེས་རྒྱལ་ཁའི་གསལ་བསྒྲགས་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ད་བར་འགྲན་རྩོད་ནང་ཞུགས་མཁན་ཁོང་གི་ཁ་གཏད་ལྕམ་སྐུ་ཧི་ལ་རི་ ཁི་ལིན་དྲན་མཆོག་ནས་ཀྱང་མང་གཙོ་ཚོགས་པའི་ཁེ་ཕན་ལ་དགོངས་པ་བཞེས་ནས་ཆིག་བསྒྲིལ་བྱེད་རྒྱུའི་འདུན་པ་ཡོད་ལ་སྲིད་འཛིན་གཞོན་པའི་འོས་དམིགས་སུའང་བཞེངས་རྒྱུའི་འདུན་པ་ཡོད་ཅེས་གསུངས་ཡོད་པ་བཅས་གང་ལྟར་ཨ་མི་རི་ཀའི་རྒྱལ་རབས་ལོ་རྒྱུས་ནང་བུད་མེད་སྲིད་འཛིན་འོས་དམིགས་སུ་མཐའ་མ་བར་འགྲན་རྩོད་གནང་མཁན་ལྕམ་ཀུ་ཁི་ལིན་དྲན་མཆོག་ཐོག་མ་དེ་ཆགས་ཡོད་པ་དང་། སྲིད་འཛིན་འོས་དམིགས་སུ་མི་རིགས་ནག་པོ་ཞིག་སླེབས་ཐུབ་པ་བྱུང་བ་བཅས་ཁོང་རྣམ་གཉིས་ནས་ཨ་རིའི་རྒྱལ་རབས་ནང་ལོ་རྒྱུས་གསར་པ་ཞིག་བཀོད་ཐུབ་ཡོད་པ་རེད།
སྲིད་འཛིན་འོས་དམིགས་སྐུ་ཞབས་སྦ་རག་ཨོ་སྦ་མཱ་མཆོག་གི་པ་ལགས་ཨཕཱ་རི་ཀའི་ཀེན་ཡའི་མི་རིགས་ནག་པོ་ཡིན་པ་དང་། ཨ་མ་ལགས་ཨ་རིའི་ནང་གི་མི་རིགས་དཀར་པོ་ཞིག་ཡིན་པ་རེད། ཡིན་ནའང་ཁོང་རང་ཉིད་ཆུང་དུས་ཨ་མ་ལགས་དང་། ཁོང་གི་ནང་མིས་གསོ་སྐྱོང་གནང་བ་ཞིག་ཡིན་པ་རེད།