ཨ་རིའི་སྲིད་འཛིན་ནས་ད་ལྟའི་སྲིད་ཇུས་ཁག་ལ་བསྒྱུར་བཅོས།
ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བ་སྐུ་ཞབས་སྦ་རག་ཨོ་སྦ་མ་མཆོག་གིས་སྲིད་འཛིན་སྦུཤེ་མཆོག་གི་སྲིད་བྱུས་ཁག་ལ་བསྒྱུར་བཅོས་གནང་རྒྱུ།
-
2008-11-10 -
-
-
༄༅༎ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བ་སྐུ་ཞབས་སྦ་རག་ཨོ་སྦ་མ་མཆོག་གིས་ཁོང་འཆར་ལོའི་ཕྱི་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་སྲིད་འཛིན་གྱི་ལས་འཁུར་འགོ་འཛུགས་གནང་སྐབས་སྲིད་འཛིན་སྦུཤེ་མཆོག་གི་སྲིད་བྱུས་ཁག་ལ་བསྒྱུར་བཅོས་གནང་རྒྱུ་ཡིན་སྐོར་ཨོ་སྦ་མ་མཆོག་གི་ལས་བྱེད་ཇཱོན་པོ་ཌེསི་ཊ་ཡིས་གསུང་འདུག
ཁོང་ནས་སྲིད་འཛིན་སྦུཤེ་མཆོག་གི་ཨ་རིའི་མངའ་ཁུལ་གཅིག་ནང་རྡོ་སྣུམ་འདོན་རྒྱུའི་ལས་འཆར་དང་སྨན་བཅོས་ཆེད་ཞིབ་འཇུག་གི་སྲིད་བྱུས་ཀྱི་བཀོད་རྒྱ་ཁག་ཨོ་སྦ་མ་མཆོག་གི་དགོངས་ཕྱོགས་དང་མཐུན་གྱི་མེད་སྐོར་གསུང་འདུག ཨ་རིའི་གསར་ཤོག་ལྦ་ཤིང་ཊོན་པོསིཏ་ཡིས་སྐུ་ཞབས་ཨོ་སྦ་མ་ཡིས་སྦུཤི་སྲིད་གཞུང་གི་ཨ་རིའི་འཁོར་ཡུག་དང་སྐྱེས་སྒོ་འགོག་རྒྱུའི་གནད་དོན་གྱི་བཀོད་རྒྱ་ཁག་ཐོག་བསྒྱུར་བ་གཏོང་གནང་རྒྱུ་ཡིན་སྐོར་གནས་ཚུལ་བཀོད་ཡོད་པ་རེད། ཡང་གསར་ཤོག་དེའི་ནང་སྐུ་ཞབས་ཨོ་སྦ་མ་ཡི་ལས་བྱེད་པ་རྣམས་ཀྱིས་སྲིད་འཛིན་སྦུཤེ་ཡི་བཀོད་རྒྱ་ཁག་ཉིས་བརྒྱ་སྐོར་ཞིག་ཐོ་བཀོད་གནང་ནས་བསྒྱུར་བ་བཏང་གནང་རྩིས་ཡོད་སྐོར་ཡང་གནས་ཚུལ་བཀོད་ཡོད་པ་རེད། ཡང་གོང་ཞུས་ཨོ་སྦ་མ་མཆོག་གི་ལས་བྱེད་པ་ཇཱོན་པོ་ཌེསི་ཊ་ཡིས་སྦུཤི་གཞུང་འཛིན་གནང་སྐབས་ཀྱི་ཉིན་མཐའ་མའི་དུས་སྐབས་དབརབ་བཀོད་རྒྱ་ཁག་ཇི་ལྟར་གནང་གི་ཡོད་མེད་ཐད་རྟོགས་ཞིབ་ཟབ་ནན་གནང་གི་ཡོད་སྐོར་གསུང་འདུག རེས་གཟའ་ཟླ་བ་ཉིན་སྲིད་འཛིན་སྦུཤི་མཆོག་དང་སྐུ་ཞབས་ཨོ་སྦ་མ་རྣམ་གཉིས་སྲིད་འཛིན་གྱི་ལས་ཁུངས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་རྒྱུ་དང་སྲིད་འཛིན་གསར་རྙིང་གི་ལས་འཁུར་རྩིས་སྤྲོད་རྩིས་ལེན་དེ་དཀའ་རྙོག་གང་ཡང་མེད་པའི་ཐོག་གནང་རྒྱུའི་འཆར་གཞི་ཡོད་སྐོར་ཕྱོགས་གཉིས་ཀས་གསུང་ཡོད་པ་རེད།