སོག་པོའི་སྲིད་འཛིན་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད།

སོག་པོའི་སྲིད་འཛིན་མཆོག་གིས་དེ་རིང་ཨ་རིའི་སྲིད་འཛིན་མཆོག་དང་མཇལ་འཕྲད་གནང་གི་ཡོད་འདུག

༄༅༎ཨེ་པི་གསར་འགྱུར་ལས་ཁང་ནས་གནས་ཚུལ་བཀོད་ཐོན་བྱུང་བར་ལྟར་ན། དེ་རིང་རེས་གཟའ་ཕུར་བུའི་ཉིན་ཕྱི་སོག་གི་སྲིད་འཛིན་མཆོག་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་གི་ཡོད་པ་མ་ཟད་ཡུལ་གཉིས་དབར་དཔལ་འབྱོར་དང་བདེ་སྲུང་ལས་དོན་ཐོག་གྲོས་མོལ་གནང་འཆར་ཡོད་འདུག

ཨ་རིའི་ཕྱི་སྲིད་ལས་དོན་ཚན་པའི་འབྲེལ་ཡོད་ལས་བྱེད་ཅིག་ནས་སྲིད་འཛིན་ཨོ་བྷ་མའི་སྲིད་གཞུང་ནས་སོག་པོའི་མཉམ་ཐབས་བྱུས་ལྡན་པའི་ཐོག་ནས་ཕྱོགས་གང་ས་ནས་འབྲེལ་ལམ་ཟབ་ཏུ་གཏོང་ཐབས་བྱེད་རྒྱུ་གལ་ཆེན་པོར་བརྩི་གི་ཡོད་ལ་རིང་མིན་ཡུལ་གཉིས་དབར་དཔོན་རིགས་འཚམས་འདྲི་གཟིགས་བསྐོར་གནང་རེས་བྱེད་རྒྱུའི་འཆར་གཞི་ཡོད་རེད་ ཅེས་གསུངས་འདུག

ཡང་གནས་ཚུལ་ནང་གསལ་ལྟར་ན། ཨ་རིའི་སྲིད་འཛིན་གཞོན་པ་དང་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཁི་ལན་དྲན་མཆོག་ཀྱང་རིང་མིན་སོག་ཡུལ་ཏུ་འཚམས་གཟིགས་གནང་འཆར་ཡོད་འདུག

སྤྱིར་བཏང་ཁྱིམ་མཚེས་རྒྱ་ནག་དང་ར་ཤེ་ཡ་གཉིས་དང་མི་འདྲ་བར་སོག་པོའི་ཐོག་ནས་ཨ་རིའི་དཔུང་དམག་ལ་རྒྱབ་སྐྱོར་མཚོན་ཆེད་ཨཕ་གྷ་ནི་སི་ཐན་ནང་དམག་མི་ཆེད་གཏོང་བྱས་ཡོད་པ་མ་ཟད་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཅིག་ཀྱང་ཡིན་པ་རེད། འོན་ཀྱང་ཡུལ་དེའི་ནང་ཨ་མི་རི་ཀའི་སྲིད་འཛིན་དེ་སྔ་ཕྱི་ལོ་ ༢༠༠༥ ལོར་བྷུ་ཤི་མཆོག་ཁྱུག་ཙམ་རིང་ཕེབས་ཡོད་པ་ལས་ད་བར་ཕེབས་མྱོང་མེད་པ་རེད། འོན་ཀྱང་ད་རེས་སོག་པོའི་སྲིད་འཛིན་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་མཇལ་འཕྲད་གནང་རྒྱུ་དེས་ཡུལ་གཉིས་དབར་འབྲེལ་ལམ་གསར་པ་ཞིག་དང་འབྲེལ་བ་ཟབ་ཏུ་གཏོང་ཐབས་སུ་ཕན་ཐོགས་ཡོང་རྒྱུའི་ཚོད་རྩིས་བྱེད་ཀྱི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org