ཨ་རིའི་རྒྱལ་སར་འཁྲུངས་སྐར་གྱི་གསོལ་སྟོན་བཤམ་པ།
དཀའ་ངལ་སྣ་ཚོགས་ལྡན་པའི་འཛམ་བུ་གླིང་འདིའི་ནང་༧གོང་ས་མཆོག་ལྟ་བུའི་ལམ་སྟོན་གནང་མཁན་ཞིག་དགོས་ཀྱི་འདུག
-
2014-07-10 -
-
-
དཀའ་ངལ་སྣ་ཚོགས་ལྡན་པའི་འཛམ་བུ་གླིང་འདིའི་ནང་༧གོང་ས་མཆོག་ལྟ་བུའི་ལམ་སྟོན་གནང་མཁན་ཞིག་དགོས་ཀྱི་འདུག
དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱེད་པའི་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་ཁང་ནས་ཚེས་༩རེས་གཟའ་ལྷག་པ་ལྷག་དཀར་གྱི་ཉིན་༧གོང་ས་མཆོག་དགུང་གྲངས་༧༩ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་སྲུང་བརྩི་ཆེད་གསོལ་སྟོན་ཞིག་དོན་གཅོད་ཁང་དུ་གོ་སྒྲིག་གནང་ཡོད་པ་དང་། སྐབས་དེར་སྐུ་མགྲོན་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མེཀ་གོ་ཝར་ན་Jim McGovern་མཆོག་གིས་དུས་ཆེན་དང་འབྲེལ་གསུངས་དོན། དཀའ་ངལ་སྣ་ཚོགས་ལྡན་པའི་འཛམ་བུ་གླིང་འདིའི་ནང་༧གོང་ས་མཆོག་ལྟ་བུའི་ལམ་སྟོན་གནང་མཁན་ཞིག་དགོས་ཀྱི་ཡོད་སྐོར་གསུངས་སོང་བ་དང་འབྲེལ། ༧གོང་ས་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་པའི་སྨོན་འདུན་ཡང་གནང་ཡོད། ཡང་དམིགས་བསལ་སྐུ་མགྲོན་ཀླད་ཁམས་ཚན་རིག་མཁས་དབང་Richard Davidsonམཆོག་གིས་༧གོང་ས་མཆོག་ནས་ཐོག་མ་ཚན་རིག་གི་ཐོག་ལ་ཐུགས་སྣང་གནང་སྟངས་དང་། ནང་ཆོས་དང་ཚན་རིག་ཟུང་འབྲེལ་གྱི་ཐོག་ནས་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་ཐབས་སུ་བསྐྱངས་དང་སྐྱོང་བཞིན་པའི་མཛད་འཕྲིན་ཞིབ་ཕྲ་ངོ་སྤྲོད་གནང་འདུག མཛད་སྒོ་དེའི་ཐོག་ད་དུང་སྐུ་ཚབ་དོན་གཅོད་མཆོག་ནས་བོད་དེ་བཞིན་ད་ལྟ་ཆགས་འཇིགས་ཀྱི་མཚམས་སུ་གནས་ཡོད་ཀྱང་བོད་མི་རྣམས་ཀྱི་རྒྱུད་ལ་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྡན་ནས་ཡོད་པ་དེ་༧གོང་ས་མཆོག་གི་ཐུགས་རྗེ་དཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཡིན་པ་དང་། ༧གོང་ས་མཆོག་ནས་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐབས་གནང་གི་ཡོད་སྐོར་གསུངས་འདུག
དོན་གཅོད་ལས་ཁུངས་སུ་གོ་བསྒྲིགས་གནང་བའི་མཛད་སྒོ་དེའི་ཐོག་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་Jim McGovern་མཆོག་དང་། ཀླད་ཁམས་ཚན་རིག་མཁས་དབང་ Richard Davidsonམཆོག བོད་དོན་རྒྱབ་སྐྱོར་བ་ Sophie Richardsonལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གྱི་མཚོན་པའི་ཕྱི་རྒྱལ་གྱི་གནད་དོན་མི་སྣ་མང་དག་ཅིག་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ། མཁས་དབང་། དེ་བཞིན་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གི་དབུས་པའི་སྐུ་མགྲོན་ཁྱོན་མི་གྲངས་༨༠ཙམ་ཕེབས་ཡོད་འདུག
གསར་འགོད་པ་པ་སངས་དོན་ལྡན་དང་ཚེ་དབང་དངོས་གྲུབ།