རྒྱལ་གཅེས་པར་དམིགས་པའི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ།

བཀའ་བློན་ཁྲི་པ་མཆོག་ནས། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྣམ་པའི་རེ་འདུན་གྱི་འབོད་སྒྲར་རྒྱལ་སྤྱི་ཡོངས་ནས་ཐོས་པ་དང་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་གསལ་པོ་རེད།

༄༅།    །ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག    བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་ཆེད་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཁ་སང་ཚེས་༡༦ཉིན་གྱི་ཕྱེད་ཡོལ་ཚོུད་༤པའི་ཐོག་མཆོད་འབུལ་སྨོན་ལམ་ཞིག་གནང་ཡོད་པ་རེད།    སྐབས་དེར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་སྐབས།   ཉེ་ཆར་བོད་མདོ་སྨད་རྔ་པ་ཁུལ་དུ་བོད་མི་གསུམ་གིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད།   བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཁྱོན་༤༩ཆགས་ཡོད་པ་དང་། བོད་ནང་གི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཚོས་མུ་མཐུད་ནས་རྩ་ཆེའི་རང་སྲོག་བློས་གཏོང་གནང་སྟེ་ ༧གོང་ས་མཆོག་བོད་དུ་གདན་ཞུ་བྱེད་དགོས་པ་དང་། བོད་ལ་རང་དབང་དགོས་ཞེས་འབོད་སྒྲ་སྒྲོགས་པ་གཞིར་བཟུང་ བཀའ་ཤག་གིས་ཀྱང་འབོད་སྐུལ་ཞུ་བཞིན་ཡོད།  དེ་བཞིན་གྲོས་ཚོགས་ནས་ཀྱང་ལས་འགུལ་སྤེལ་དང་སྤེལ་མུས་རེད་ཅེས་དང་།  དེ་བཞིན་བཀའ་བློན་ཁྲི་པ་མཆོག་ནས་ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གསུམ་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཁ་ལིན་ཀྲོན་མཆོག་ལ་ཨ་རི་གཞུང་གིས་བོད་དོན་ཐོག་ཆ་ཤས་ཤུགས་ཆེ་ཙམ་ལེན་དགོས་པའི་འབོད་སྐུལ་གྱི་ཕྱག་བྲིས་ཕུལ་ཡོད་པའི་སྐོར་གསལ་བཤད་གནང་ཡོད་ཅིང་། ཕྱག་བྲིས་དེའི་ནང་དམིགས་བསལ་ཨ་རི་གཞུང་གིས་ཕྱི་རྒྱལ་ཡུལ་ཁག་གཞན་དང་ལྷན་དུ་གྲོས་བསྡུར་གྱི་བསམ་ཚུལ་བརྗེ་ལེན་བྱས་པའི་ཐོག་ནས་ལས་འགུལ་ཤུགས་ཆེ་ཙམ་སྤེལ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་།  ད་ལྟའི་ཆར་བོད་ནང་གི་ཛ་དྲག་གནས་སྟངས་གཞིར་བཞག་སྐབས། ཨ་རིས་འགོ་འཁྲིད་པའི་ཐོག་ནས་ལས་འགུལ་སྤེལ་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པས་མ་ཟད།   ལྷག་པར་ཨ་རིའི་གཞུང་གི་སྲིད་བྱུས་གཙོ་བོར་ཨེ་ཤེ་ཡ་མངའ་ཁུལ་གཞིར་བཞག་ཐོག་ནས་འཛིན་གྱི་ཡིན་ཞེས་བརྗོད་ཀྱི་ཡོད་པར་བརྟེན།    ཨེ་ཤེ་ཡའི་ནང་རྒྱ་ནག་དང་དེའི་ནང་ནས་བོད་ནང་ག་རེ་ཆགས་ཀྱི་ཡོད་པ་དེ་ཐོས་ཀྱི་མེད་པ་ལྟ་བུ་བྱས་ནས་བསྡད་ན་འགྲིག་ཐབས་མེད་པ་སོགས་འཁོད་གནང་ཡོད་སྐོར་གསུངས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org