རྒྱལ་ས་ལྡི་ལིར་རྒྱ་ནག་གཅིག་གི་སྲིད་བྱུས་ཐོག་མཁས་པའི་བགྲོ་གླེང་འཚོགས་རྒྱུ་ཡིན་འདུག

རྒྱ་ནག་གཅིག་གི་སྲིད་བྱུས་ཞེས་པའི་མིང་ཐོག་ནས་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་སོགས་ཀྱི་ཐོག་གོ་བསྡུར་གནང་རྒྱུ་ཡིན་པ།

རྒྱ་ནག་པེ་ཅིང་དུ་འགྲེམས་སྟོན་ཞིག་གི་སྟེང་ཞི་ཅིང་ཕིན་བོད་ཀྱི་ཕོ་བྲང་པོ་ཏ་ལའི་མདུན་དུ་ཡོད་པའི་པར་རིས། ༢༠༢༣།༡༡།༡༠ ཉིན། Reuters (File Photo)

རིང་མིན་སྤྱི་ཟླ་༨པའི་ཚེས་༡ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཚེ་བ་མེད་པའི་ཐབས་ལམ་གྱི་གདམ་གའི་ཐེབས་རྩ་ཁང་(Foundation For Non-Violent Alternatives) གིས་གོ་སྒྲིག་འོག་རྒྱལ་ས་ལྡི་ལིར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། རྒྱ་གར་གྱི་གཞུང་ཚབ་ཟུར་པ་སྐུ་ཞབས་Lakhan Mehrotraལགས་གཙོས་པའི་རྒྱལ་ཁབ་ཕྱི་ནང་གི་མཁས་པ་དང་ཉམས་ཞིབ་པ། གཙུག་ལག་སློབ་ཆེན་འདྲ་མིན་གྱི་སློབ་དཔོན། གཞུང་ཚབ་ཟུར་པ་སོགས་ལྷན་ཞུགས་ཀྱིས། ( Weaponization of the one China Policy )རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བའི་ཤུགས་རྐྱེན་དང་དེས་ཡུལ་ལུང་གཞན་ལ་གནོན་ཤུགས་སྤྲོད་ཕྱོགས་སོགས་དང་འབྲེལ་བའི་མཁས་པའི་བགྲོ་གླེང་ཞིག་བསྐོང་ཚོགས་གནང་གི་ཡོད་འདུག

ལྕམ་རི་བོན་བྷེ་ནར་ཇི་(Rebon Banerjee)ལགས་ནི་གོང་ཞུས་ཐེབས་རྩ་ཁང་དེ་ཉིད་ཐོག་མ་གསར་འཛུགས་གནང་མཁས་གྲས་ཤིག་ཡིན་པ་མ་ཟད། ཐེབས་རྩ་ཁང་དེ་ཉིད་ཀྱི་ད་ལྟའི་འགན་འཛིན་ཡིན་པའི་ཐོག་རྒྱ་གར་གྱི་རྒྱལ་སྲུང་ཐོག་ལ་གནད་དོན་དབྱེ་ཞིབ་པ་ཞིག་ཀྱང་ཡིན་པ་རེད། ཁོང་མོས། ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་ནག་གཞུང་གིས། རྒྱ་ནག་གཅིག་གི་སྲིད་བྱུས་དེ་ལག་ཆའི་ངོ་བོ་ཐོག་ནས་བེད་སྤྱོད་བྱས་ཏེ། བོད་ཚུད་པའི་རང་ཉིད་ཀྱིས་དབང་བསྒྱུར་བྱས་པའི་ཡུལ་ལུང་ཁག་དང་ཕྱི་རྒྱལ་ཁབ་ཁག་ནང་ལས་སླ་པོའི་སྒོ་ནས་ཤུགས་རྐྱེན་སྤྲོད་སྟངས་དང་། རྒྱ་ནག་གཅིག་གི་སྲིད་བྱུས་ཞེས་པའི་མིང་ཐོག་ནས་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་སོགས་ཀྱི་ཐོག་གོ་བསྡུར་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། སྤྱིར་བཏང་རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དེར་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱེད་སྟངས་དང་རྒྱ་གར་གྱིས་འབྲེལ་བརྗོད་བྱེད་སྟངས་གཉིས་དབར་ཧེ་བག་ཆེན་པོ་ཡོད། དེ་ཡང་རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་བདག་དབང་དང་འབྲེལ་བའི་རྩོད་རྙོག་དེ་ནི་དཔེ་མཚོན་ཡག་ཤོས་གྲས་ཤིག་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། 

གོང་ཞུས་རྒྱ་ནག་གཅིག་དང་འབྲེལ་བའི་སྲིད་བྱུས་ཐོག་མཁས་པའི་བགྲོ་གླེང་དེ་བཞིན་ཉིན་གྲངས་གཉིས་རིང་འཚོགས་རྒྱུ་ཡིན་འདུག་ཅིང་། ཉིན་དང་པོའི་ཚོགས་ཐེངས་དང་པོའི་ཚོགས་འདུ་དེ་བཞིན་དེ་སྔ་རྒྱ་གར་ཕྱི་སྲིད་བློན་ཆེན་ལྷན་ཁང་གི་དམིགས་བསལ་སྐུ་ཚབ་དང་། Cambodia དང་Indonesia གཉིས་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་སྐུ་ཚབ་གནང་མྱོང་མཁན་རྒྱ་གར་གྱི་གཞུང་ཚབ་ཟུར་པ་Lakhan Mehrotra ལགས་ཀྱིས་གཙོ་སྐྱོང་གནང་རྒྱུ་ཡིན་འདུག་པ་དང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་ནག་གཅིག་གི་སྲིད་བྱུས་དང་འབྲེལ་བའི་གནད་དོན་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག

དེ་དང་ཕྱོགས་མཚུངས་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཆགས་པའི་American Enterprise Instituteཞེས་པའི་ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་སྐུ་ཞབས་Michael Mazzaལགས་ཀྱིས། རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དེ་གང་འདྲ་ཞིག་ལ་གོ་དགོས་མིན་སྐོར་གསུང་བཤད་གནང་གཏན་འཁེལ་འདུག་པ་དང་། ཡང་ཐའེ་ཝན་དུ་རྟེན་གཞི་བྱས་པའི་(College of International and National Defense Affairs)ཞེས་རྒྱལ་སྲུང་དང་འབྲེལ་བའི་མཐོ་སློབ་ཀྱི་སློབ་དཔོན་འབུམ་རམས་པ་ལྕམ་Lin Hsiao-Chenལགས་ཀྱིས་། རྒྱ་ནག་གཅིག་གི་སྲིད་བྱུས་ལ་འགྱུར་ལྡོག་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་རྒྱུ་ཡིན་འདུག

ཡང་ཉིན་གཉིས་རིང་གི་ཚོགས་འདུའི་ཐོག་རྒྱལ་ས་ལྡི་ལིར་ཆགས་པའི་ནེཧེ་རུ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ལྕམ་Titli Basuལགས་ཀྱིས། ཐའེ་ཝན་གྱི་གནད་དོན་ཐོག་ཉི་ཧོང་གི་བདེ་འཇགས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་རྒྱུ་ཡིན་པ་དང་། ཡང་Denmarkནང་གི་བལ་ཡུལ་གྱི་གཞུང་ཚབ་ཟུར་པ་སྐུ་ཞབས་Vijay Kant Karnaལགས་ཀྱིས། རྒྱ་ནག་གཅིག་གི་སྲིད་བྱུས་དང་བལ་ཡུལ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་གཏན་འཁེལ་འདུག

གཞན་ཡང་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཆགས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་ལགས་ཀྱིས། རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དེ་བོད་ཐོག་ལག་བསྟར་བྱེད་ཀྱི་ཡོད་མིན་ཐད་གཏམ་བཤད་གནང་རྒྱུ་ཡིན་པ་དང་། ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལྷག་སྒྲོན་ལགས་ཀྱིས། རྒྱ་ནག་གཅིག་གི་སྲིད་བྱུས་དང་ཡུ་རོབ་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་གཏན་འཁེལ་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།  
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org