པ་ཀི་སི་ཐན་གྱི་སྲིད་འཛིན་གསར་པས་དམ་བཅའ་ཕུལ་གནང་བ།
ཨ་སིབ་ཨ་ལི་ཛར་རྡ་རི་མཆོག་གིས་པ་ཀི་སི་ཐན་གྱི་སྲིད་འཛིན་གསར་པར་དངོས་སུ་གཞུང་འབྲེལ་གྱི་ཐོག་ནས་དམ་བཅའ་ཕུལ་གནང་ཡོད་པ་རེད་
-
2008-09-09 -
-
-
༄༅༎པ་ཀི་སི་ཐན་མི་མང་ཚོགས་པའི་དབུ་ཁྲིད་ལྕམ་སྦེ་ན་ཛིར་སྦུ་ཊོ་མཆོག་གི་སྐུ་ཟླ་ཨ་སིབ་ཨ་ལི་ཛར་རྡ་རི་མཆོག་གིས་དེ་རིང་རེས་གཟའ་མིག་དམར་ཉིན་པ་ཀི་སི་ཐན་གྱི་སྲིད་འཛིན་གསར་པར་དངོས་སུ་གཞུང་འབྲེལ་གྱི་ཐོག་ནས་དམ་བཅའ་ཕུལ་གནང་ཡོད་པ་རེད་
འདི་ལོ་དགུང་གྲངས་༥༣ ལ་ཕེབས་པའི་ཨ་སིབ་ཨ་ལི་ཛར་རྡ་རི་མཆོག་གིས་དེ་རིང་རེས་གཟའ་མིག་དམར་ཉིན་པ་ཀི་སི་ཐན་གྱི་རྒྱལ་ས་ཨིསི་ལ་མ་སྦའརྡེ་ནང་སྲུང་བྱ་དམ་པོའི་སྒོ་ནས་སྤེལ་བའི་གཞུང་འབྲེལ་གྱི་མཛད་སྒོ་དེའི་ཐོག་པ་ཀི་སི་ཐན་སྲིད་འཛིན་གྱི་ཐུགས་འགན་དངོས་སུ་བཞེས་རྒྱུའི་དམ་བཅའ་ཕུལ་གནང་ཡོད་པ་རེད་ གཞུང་འབྲེལ་མཛད་སྒོ་དེའི་ཐོག་ཨབ་ག་ནི་སི་ཐན་གྱི་སྲིད་འཛིན་ཧ་མིརྡ་ཀར་ཛའེ་མཆོག་དང་དེ་བཞིན་པ་ཀི་སི་ཐན་གྱི་དམག་མིའི་དབུ་ཁྲིད་དང་ ཁྲིམས་དཔོན་ གཞུང་འབྲེལ་ལས་ཁུངས་ཁག་གི་མཛད་གཙོ་རྣམ་པ་དང་དེ་ག་ནང་བཞིན་སྤྱི་ཚོགས་ནང་འགན་འཁུར་བཞེས་གནང་མཁན་ལ་སོགས་པའི་པ་ཀི་སི་ཐན་རྒྱལ་ཁབ་ཀྱི་དབུ་ཁྲིད་གཞན་ཁག་མང་པོ་ཞིག་མཛད་སྒོ་དེའི་ཐོག་མཉམ་ཞུགས་གནང་ཡོད་པ་དང་ མཛད་སྒོ་དེའི་ཐོག་སྲིད་འཛིན་ཛར་རྡ་རི་མཆོག་གིས་ཐོག་མར་ངས་པ་ཀི་སི་ཐན་གྱི་རྒྱལ་ཁབ་ལ་ཡིད་ཆེས་དང་རྩ་ཁྲིམས་ལ་གུས་བཀུར་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་ཅིང་ སྐབས་དེའི་མཛད་འཕྲིན་ཁག་ཐད་པ་ཀི་སི་ཐན་གྱི་གཞུང་འབྲེལ་རླུང་འཕྲིན་ཁག་ནང་རྒྱང་སྲིང་བྱས་ཡོད་པ་རེད་ ཡང་དེ་རིང་དགོང་དྲོ་པ་ཀི་སི་ཐན་གྱི་སྲིད་འཛིན་གསར་པ་ཛར་རྡ་རི་མཆོག་གིས་ཡུལ་དེའི་སྲིད་འཛིན་གྱི་ཐུགས་འགན་བཞེས་གནང་བའི་རྗེས་སུ་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་གནང་རྒྱུས་གཙོས་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུའི་ཆེད་མ་འོངས་པའི་འཆར་གཞིའི་སྐོར་དམངས་ཁྲོད་དུ་གསུངས་བཤད་གནང་རྒྱུ་ཡིན་པ་རེད་ ཉེ་ཆར་གསར་དུ་འོས་འདེམས་གནང་བའི་པ་ཀི་སི་ཐན་གྱི་སྲིད་འཛིན་ཛར་རྡ་རི་མཆོག་ནི་པ་ཀི་སི་ཐན་གྱི་ལོ་རྒྱུས་ནང་སྲིད་འཛིན་ཐེངས་བཅུ་བཞི་པ་དེ་ཆགས་ཀྱི་ཡོད་པ་རེད།