པ་ཀི་སི་ཐན་གྱིས་ཊ་ལི་སྦན་ཐོག་དྲག་རྒོལ་ཆེ་རུ་བཏང་བ།

པ་ཀི་སི་ཐན་གྱིས་ཊ་ལི་སྦན་ཐོག་དྲག་རྒོལ་བྱེད་བཞིན་པ་དེ་ནི་རྒྱལ་ཁབ་ཀྱི་མངའ་དབང་དང་འབྲེལ་བ་ཆགས་པའི་འཐབ་རྩོད་ཡིན་པའི་སྐོར།

༄༅༎པ་ཀི་སི་ཐན་གྱི་སྲིད་འཛིན་ཨ་སིཕ་ཛར་རྡ་རིས་པ་ཀི་སི་ཐན་གྱིས་ཊ་ལི་སྦན་ཐོག་དྲག་རྒོལ་བྱེད་བཞིན་པ་དེ་ནི་རྒྱལ་ཁབ་ཀྱི་མངའ་དབང་དང་འབྲེལ་བ་ཆགས་པའི་འཐབ་རྩོད་ཅིག་ཡིན་པ་གསུངས་འདུག

འདས་པའི་ཉིན་གྲངས་འགའ་ཤས་ནང་རང་སྲོག་བློས་བཏང་གི་དྲག་སྤྱོད་པ་ཁག་ཅིག་གིས་གལ་ཆེའི་ས་གནས་ཁག་ཅིག་གི་ནང་འབར་རྫས་གཏོར་ཏེ་མི་མང་པོའི་ཚེ་སྲོག་ཤོར་བའི་གནས་ཚུལ་བྱུང་ཡོད་ཅིང་པ་ཀི་སི་ཐན་གྱི་ངོས་ནས་ཊ་ལི་སྦན་གྱི་ཐོག་དྲག་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་ཨ་མི་རི་ཀའི་བདེ་སྲུང་མི་སྣས་འགྲེལ་བརྗོད་བྱེད་ཡོད་པ་རེད་ལ་པ་ཀི་སི་ཐན་གྱི་སྲིད་འཛིན་གྱི་ངོས་ནས་དྲག་རྒོལ་འཐབ་རྩོད་དེ་མཐའ་གཅིག་ཏུ་མཇུག་སྐྱོང་གནང་རྒྱུ་ཡིན་པ་དང་འགྲོ་གྲོན་ཇི་འདྲ་ཞིག་གནས་ཀྱང་ངེས་པར་རྒྱལ་ཁ་ང་ཚོར་ཐོབ་པ་ཞིག་དགོས་ཀྱི་རེད་ཅེས་གསུངས་འདུག

ད་དུང་ཁོང་གིས་ཊ་ལི་སྦན་ནི་ནག་ཉེས་མེད་པའི་ཞི་བའི་མི་སེར་གྱི་དགྲ་བོ་ཡིན་པ་དང་ཁོང་ཚོས་མི་དམངས་ལ་འཇིགས་སྣང་བསྐུལ་ཏེ་རིམ་པས་རྒྱལ་ཁབ་ཀྱི་བདེ་འཇགས་བསྐྲུན་རྟེན་གཞི་ཁག་བདག་ཐོབ་སྟངས་འཛིན་བྱ་རྒྱུའི་འཆར་གཞི་ཡོད་པ་རེད་ཅེས་གསུངས་འདུག

གཟའ་པ་སངས་ཉིན་རང་སྲོག་བློས་གཏོང་གི་འཇིགས་བསྐུལ་དྲག་སྤྱོད་པ་ཞིག་གིས་ཁ་ཆེའི་ཆོས་ཁང་ཞིག་ལ་དམིགས་ཏེ་འབར་རྫས་གཏོར་བའི་དོན་རྐྱེན་འོག་མི་དྲུག་རྐྱེན་འདས་སུ་ཕྱིན་པ་དང་དེའི་ཁོངས་སུ་ཁ་ཆེའི་མི་སྣ་གྲགས་ཅན་ཞིག་ཀྱང་ཡོད་འདུག ཁོང་ནི་ཁ་ཆེའི་ཆོས་ལུགས་ཐོག་མཁས་པ་སར་ཕཱཛ་ནཡི་མི་ནི་ཞུ་བ་དེ་ཡིན་ཞིང་ཁོང་གིས་ཊ་ལི་སྦན་ལ་སྐྱོན་བརྗོད་ཀྱི་གཏམ་བཤད་གནང་པར་བརྟེན་ཁོང་དཀྲོངས་པ་ཞིག་ཡིན་པ་ལ་ཧོར་གྱི་ཉེན་རྟོག་མི་སྣས་འགྲེལ་བརྗོད་བྱས་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org