༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འོས་འགན་དེ་༧རྒྱལ་བ་རིན་པོ་ཆེར་ཡོད་པ་ཉམས་ཞིབ་པས་བརྗོད་བྱུང་།

༧རྒྱལ་བ་དང་༧པཎ་ཆེན་བར་སུ་ཞིག་སྐུ་འཚོ་བཞུགས་ཡོད་པ་དེས་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་འགན་དབང་ཡོད་པ་གནད་དོན་དབྱེ་ཞིབ་པས་འགྲེལ་བརྗོད་གནང་བྱུང་།

རྡ་རམ་ས་ལར་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་དང་འབྲེལ་ལས་འགུལ་སྐབས། ༢༠༡༩ AP

ཕྱི་ཟླ་༤བའི་ཚེས་༢༥ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༤ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ཡིན་པ་ལྟར། ས་གནས་གང་སར་བགྲོ་གླེང་དང་ཞུ་གཏུག་སོགས་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་གནང་བཞིན་ཡོད་པ་དང་། ཕྱི་ལོ་༡༩༩༥ལོར་པཎ་ཆེན་ཡང་སྲིད་མཆོག་གི་གཙོས་ཡབ་ཡུམ་སྐུ་འཁོར་དང་བཅས་བ་རྒྱ་ནག་གཞུང་གིས་བཙན་ཁྲིད་རྗེས་ད་བར་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་༢༨ཕྱིན་ཡོད་པ་རེད།
དེ་ཡང་ལོ་རྒྱུས་ཀྱི་ཐོག་ནས་༧རྒྱལ་བ་རིན་པོ་ཆེ་དང་༧པཎ་ཆེན་རིན་པོ་ཆེ་བར་གྱི་འབྲེལ་ལམ་ནི་ཡོངས་གྲགས་སུ། ༧རྒྱལ་བ་ཡབ་སྲས་གཉིས་ཞེས་འབོད་སྲོལ་ཡོད་པ་བཞིན། ༧རྒྱལ་བ་རིན་པོ་མཆོག་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དང་། ༧པཎ་ཆེན་རིན་པོ་ཆེ་མཆོག་ནི་མགོན་པོ་འོད་དཔག་མེད་ཀྱི་རྣམ་སྤྲུལ་ལ་ངོས་འཛིན་གནང་གི་ཡོད། ལྷག་པར་དུ་༧རྒྱལ་བ་སྐུ་ཕྲེང་ན་རིམ་དང་༧པཎ་ཆེན་སྐུ་ཕྲེང་ན་རིམ་བར་གྱི་འབྲེལ་ལམ་ནི་ཡོངས་གྲགས་སུ་གང་འཚོ་ཞིང་བཞུགས་པ་དེས་གང་ཞིང་ལ་ཕེབས་པ་དེའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་འོས་འགན་ཕེབས་པ་ནས་བཟུང་། ༧རྒྱལ་བ་དང་༧པཎ་ཆེན་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་ཕྱིན་པ་རེད། སཱ་ར་བོད་ཀྱི་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ༧རྒྱལ་བ་དང་༧པན་ཆེན་བར་གྱི་འབྲེལ་ལམ་དེ་ནི་གཙོ་བོ། ༧པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གིས་༧རྒྱལ་བ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ངོས་འཛིན་གནང་བ་ནས་བཟུང་འགོ་འཛུགས་གནང་ཡོད་པས། ༧རྒྱལ་བ་དང་༧པཎ་ཆེན་བར་སུ་ཞིག་སྐུ་འཚོ་ཞིང་བཞུགས་ཡོད་པ་དེས་གཞན་ཞིང་ལ་ཕེབས་པ་དེའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་འགན་དབང་ཡོད། དེ་བས་༧རྒྱལ་བའི་ཡང་སྲིད་འཁྲུལ་པ་མེད་པ་ཞིག་ངོས་འཛིན་གནང་རྒྱུའི་འོས་འགན་དེ་༧པཎ་ཆེན་རིན་པོ་ཆེར་ཡོད་པ་བཞིན། ༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཁྲུལ་པ་མེད་པ་ཞིག་ངོས་འཛིན་གནང་རྒྱུའི་འོས་འགན་དེ་༧རྒྱལ་བ་རིན་པོ་ཆེར་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཕྱི་ལོ་༡༩༩༥ལོའི་ཟླ་བ་༥བའི་ཚེས་༡༤ཉིན། པཎ་ཆུང་སྲིད་རིན་པོ་ཆེ་མཆོག་དགུང་གྲངས་དྲུག་ལ་ཕེབས་སྐབས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་ཡོད་ཀྱང་། ཉིན་གསུམ་གྱི་རྗེས་ཏེ་ཕྱི་ལོ་༡༩༩༥ཟླ་བ་༥ཚེས་༡༧ཉིན་རྒྱ་ནག་གཞུང་གིས་བཙན་ཁྲིད་ཀྱིས་དེ་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཕྱིས་སུ་༡༩༩༥ཟླ་བ་༡༢བའི་ནང་རྒྱ་ནག་གཞུང་གིས་༧པཎ་ཆེན་རྒྱལ་མཚན་ནོར་བུ་བསྐོ་བཞག་བྱས་ཡོད་པ་རེད། ད་བར་ཀུན་གཟིགས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་དྲུག་ལ་ཕེབས་སྐབས་ཀྱི་སྐུ་པར་ཞིག་མ་གཏོགས། གཞན་ཁོང་གང་དུ་ཡོད་མེད་སོགས་ཀྱི་གནས་སྟངས་ཐད་ཞིབ་ཕྲ་གང་ཡང་ཤེས་རྟོགས་བྱུང་མེད། དེར་བརྟེན་ཕྱི་ལོ་༢༠༡༩ལོར་སྐུ་ཞབས་(Tim Widden)་ལགས་ཀྱིས་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་དགུང་གྲངས་དྲུག་སྐབས་ཀྱི་སྐུ་པར་གཞི་ལ་བཞག་ནས་ད་ལྟའི་ཞལ་རས་ཇི་འདྲ་ཞིག་ཡོད་མེད་ཀྱི་སྐུ་པར་ཞིག་ཚན་རྩལ་དཔྱད་བྲིས་བརྒྱུད་འདོན་སྤེལ་གནང་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གློད་བཀྲོལ་དང་འབྲེལ་བའི་ཐད་རྒྱལ་སྤྱིའི་ནང་རྒྱལ་ཁབ་འདྲ་མིན་གྱིས་གྲོས་ཆོད་བཞག་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་(Mary Robinson)་ལགས་ཀྱིས། རྒྱ་ནག་གཞུང་ལ་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་སྐོར་བཀའ་མོལ་གནང་ཡོད་ཀྱང་ད་བར་ཡ་ལན་བྱུང་མེད་ཅེས་འགྲེལ་བརྗོད་གནང་བྱུང་།
ཕྱི་ལོ་༢༠༢༢ལོར་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྐབས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས། རྒྱ་ནག་གཞུང་ལ་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་འདྲི་རྩད་བྱས་བར། ཉིན་གཅིག་གི་རྗེས་རྒྱ་ནག་གཞུང་གིས་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་ད་ལྟའི་ཆར་མི་སེར་དཀྱུས་མ་བཞིན་འཚོ་བ་སྐྱེལ་བཞིན་ཡོད་ཅེས་ཕྱི་བསྒྲགས་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༧ལོར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་དང་འབྲེལ་བའི་སྒྲིག་གཞི་རྩ་འཛིན་ཡིག་ཆ་ཨང་ལྔ་པ་ཞེས་པ་ཞིག་གཏན་འབེབས་བརྒྱུད། བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་རྒྱ་ནག་གཞུང་གི་ཐག་གཅོད་ནི་གལ་ཆེ་ཤོས་ཆགས་ཀྱི་ཡོད་ཅེས་བཀོད་ཡོད་ཀྱང་། བོད་གནས་དབྱེ་ཞིབ་པ་ཚོས་དེ་ནི་གཙོ་བོ་མ་འོངས་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་ཐད་རྒྱ་ནག་གཞུང་གིས་གྲ་སྒྲིག་གནང་བཞིན་ཡོད་པར་ངོས་འཛིན་གནང་གི་འདུག
ཕྱི་ལོ་༢༠༢༠ལོར་ཨ་རིའི་གཞུང་གིས་ཁྲིམས་ཡིག་གཏན་འབེབས་ཀྱིས། མ་འོངས་༧རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་༧གོང་ས་མཆོག་དང་བོད་མིར་འགན་དབང་ཡོད་པ་ལས། གཞན་རྒྱལ་ཁབ་སུ་ཞིག་གིས་ཐེ་ཇུས་བྱས་ན་མི་འགྲིག་ཅེས་བཀོད་ཡོད་པ་རེད།
རྒྱ་གར་དབུས་གཞུང་གི་བོད་ཀྱི་གནད་དོན་སྐོར་གྱི་སློབ་སྟོན་པ་ཟུར་བ་ཨ་མི་ཊབ་མཱ་ཊོར་ (Amitabh Mathur)་ལགས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་བརྒྱུད་གསུང་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཐད་རྒྱ་གར་གཞུང་གི་ལྟ་ཚུལ་སོགས་གང་ཡང་མ་ཡིན་པར། སྐུའི་ཡང་སྲིད་དེ་བཞིན་ཆོས་ལུགས་ཀྱི་གནད་དོན་ཤིག་ཆགས་ཡོད་སྟབས། ང་རང་གི་བསམ་ཚུལ་ལྟར་ན་ཡང་སྲིད་ཐག་གཅོད་ཀྱི་སྐུ་དབང་དེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་ཆོས་ལུགས་ཀྱི་བླ་ཆེན་ཁག་དང་། བོད་མི་མང་གིས་ཐག་གཅོད་དགོས་པའི་གནད་དོན་ཞིག་ཡིན་པ་དང་། དེ་ལྟར་གནང་བ་ཡིན་ན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་དང་ཆེ་མཐོང་གནང་བ་ཞིག་ཆགས་ཀྱི་ཡོད་པས། ང་རང་གི་རེ་བར་མ་འོངས་པར་དེ་ལྟར་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས་བྱུང་།
གཞན་ཡང་ཀུན་གཟིགས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་དང་བསྟུན། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་༡༡གིས་ཡོ་རོབ་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་(Joseph Borrell)་ལགས་སུ་ཡིག་ཐོག་བརྒྱུད། ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཀྱིས་༧པཎ་ཆེན་རིན་པོ་ཆེའི་གནད་དོན་ལ་དོ་སྣང་དང་། རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་སྐབས་ངེས་བར་གླེང་དགོས་བའི་འབོད་སྐུལ་བྱས་འདུག་ཅིང་། དེའི་ཁྲོད་ཀྱི་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Mikulas Peksa)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་བོད་མིའི་ཁྲོད་ཆོས་ཕྱོགས་ཀྱི་དབུ་ཁྲིད་རླབས་ཆེན་ཞིག་རེད། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐོག་ཐེ་ཇུས་བྱེད་བཞིན་པ་དེར་། ང་ཚོས་མཐའ་གཅིག་ཏུ་དགག་པ་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་ངེས་པར་དུ་བོད་མིའི་ཆོས་ཐད་རང་དབང་ལ་གུས་བརྩི་གནང་དགོས་ཀྱི་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་སི་པན་གྱི་གྲོས་ཚོགས་འཐུས་མི་༣༠ཡིས་མཉམ་དུ་རྒྱ་ནག་གཞུང་ལ་༧པཎ་ཆེན་རིན་པོ་ཆེའི་ད་ལྟའི་གནས་སྟངས་ཇི་ཆགས་སྐོར་དཔང་རྟགས་སྟོན་དགོས་པའི་རེ་སྐུལ་གནང་འདུག
ད་བར་རྒྱལ་སྤྱིའི་ཁྲོད་རྒྱལ་ཁབ་འདྲ་མིན་དང་ཚོགས་སྒེར་སོགས་ནས། པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་ཇི་ཆགས་དང་མགྱོགས་མྱུར་གློད་ཀྲོལ་ཡོང་ཐབས་སུ་གྲོས་ཆོད་བཞག་པ་དང་། བསྒྲགས་གཏམ་སྤེལ་བ་སོགས་གདུང་སེམས་མཉམ་སྐྱེས་གནང་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་བར་ཨ་རིའི་གཞུང་དང་། ཡོ་རོབ་གྲོས་ཚོགས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐོར་ཚོགས་པ། ཁེ་ན་ཌའི་གྲོས་ཚོགས་འོག་མ། སོ་ལོ་ཝ་ཀི་ཡ་འཛིན་སྐྱོང་། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ། སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། ཐེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་བཅས་ནས། གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཐད་རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་མི་ཆོག་པའི་སྐོར་དང་། ཡང་སྒོས་སུ་ཀུན་གཟིགས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མགྱོགས་གློད་ཀྲོལ་དགོས་པའི་སྐོར་གྲོས་ཆོད་བཞག་ཡོད་འདུག ལྷག་པར་དུ་ཕྱི་ལོ་༢༠༢༢ཟླ་བ་༡༢ནང་རྒྱ་གར་ཧི་མ་ལ་ཡ་ན་ལེནྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ནས་༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཐད་གྲོས་ཆོད་བཞག་ཡོད་པ་དང་། ཕྱི་ལོ་༢༠༢༣ཟླ་བ་༡པོའི་ནང་ཉི་ཧོང་ནང་པའི་མནའ་འབྲེལ་མཐུན་ཚོགས་ནས་ཀྱང་༧གོང་ས་མཆོག་གི་ཡང་སྲིད་ཐད་གྲོས་ཆོད་བཞག་ཡོད་པ་རེད།


གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org