རྒྱ་གར་གཞུང་དང་ན་ག་གྱེན་ལོག་དབར་ཞི་མོལ་གནང་རྒྱུ།
རྒྱ་གར་གཞུང་དང་བཙན་བྱོལ་ནང་ཡོད་པའི་ན་ག་གྱེན་ལོག་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཀྱི་དབར་གྲོས་མོལ་གནང་གི་ཡོད་འདུག
-
2010-02-28 -
-
-
༄༅༎རྒྱ་གར་གཞུང་དང་བཙན་བྱོལ་ནང་ཡོད་པའི་ན་ག་གྱེན་ལོག་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཀྱི་དབར་རྒྱ་གར་བྱང་ཤར་ན་ག་གྱེན་ལོག་ཚོགས་པའི་དབར་གྱི་ལོ་མང་གི་འཁོན་འཁྲུག་དེ་སེལ་ཐབས་ལ་གྲོས་མོལ་གནང་གི་ཡོད་འདུག
དེ་ཡང་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བཞིན་པའི་ནང་ནེ་ཐར་ལེན་སི་ནང་ཡུལ་གྱར་དུ་གནས་པའི་ན་ག་མི་རིགས་ཀྱི་རྒྱལ་ཡོངས་མཐུན་ཚོགས་ཀྱི་འགོ་ཁྲིད་ཨི་སཀ་ཆི་ཤི་སུ་ལྦུ་དང་ཐུན་ག་ལེང་མུ་ལྦ་གཉིས་ཁ་ས་ནེ་ཐར་ལེན་སི་ནས་རྒྱ་གར་ནང་འབྱོར་ཡོད་པ་དང་ ན་གའི་འགོ་ཁྲིད་ཐུན་ག་ལེང་མུ་ལྦས་ཁོང་གཉིས་རྒྱ་གར་གཞུང་གི་མགྲོན་འབོད་ལྟར་རྒྱ་གར་གཞུང་གི་ལྷན་ན་གའི་རྩོད་རྙོག་ཞི་འགྲིག་གི་ཐད་གྲོས་མོལ་ཞུ་བར་ཡོང་བ་ཡིན་ཞེས་ངོ་སྤྲོད་གནང་ཡོད་འདུག
ཡང་ན་གའི་འགོ་ཁྲིད་ཐུན་ག་ལེང་མུ་ལྦས་ཁ་ས་གསར་འགོད་ལྷན་ཚོགས་ལ་ང་ཚོས་ལོ་མང་ནས་རྒྱ་གར་གཞུང་གི་ལྷན་གྲོས་མོལ་ལ་བཞུགས་སྟེ་ཡོད་ནའང་རྒྱ་གར་གཞུང་གིས་ན་གའི་རྩོད་རྙོག་དེ་སེལ་ཐབས་ཀྱི་ཐབས་ལམ་འཚོལ་ཞིབ་མ་ཐུབ་པར་ལོ་ངོ་བཅུ་ལྷག་འགྲོ་བཞིན་ཡོད་པ་དང་ དེ་ལྟར་མ་ཐུབ་པའི་འགན་འཁྲིད་ཡོངས་རྫོགས་རྒྱ་གར་གཞུང་ལ་ཡོད་པ་བརྗོད་ཡོད་པ་རེད་
རྒྱ་གར་ནང་ན་ག་ལེན་ཌི་ཞེས་ན་གའི་མི་རིགས་གཙོ་བོ་གནས་སྡོད་བྱ་ཡུལ་གྱི་མངའ་སྡེ་ཞིག་ལོགས་སུ་ཡོད་ནའང་ན་གའི་མི་རིགས་ཀྱི་རྒྱལ་ཡོངས་མཐུན་ཚོགས་ཞེས་པའི་གྱེན་ལོག་སྒྲིག་འཛུགས་ཀྱིས་ན་ག་ལེན་ཌི་ཙམ་མིན་པའི་མཐའ་ཉེ་ཨ་སམ་ མ་ནི་པུར་ ཨ་རུ་ན་ཅལ་པར་རྡེཤ་བཅས་ཀྱི་མཐའ་མཚམས་མངའ་སྡེ་ཁག་ནང་ན་ག་མི་རིགས་གནས་སྡོད་བྱ་ཡུལ་གྱི་ས་ཁུལ་ཁག་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་ དགོས་ཀྱི་ཡོད་པའི་རྩོད་ལེན་བྱེད་ཀྱི་ཡོད་པ་དང་ དེར་འབྲེལ་ཡོད་མཐའ་མཚམས་ཀྱི་མངའ་སྡེ་གཞན་ཁག་གིས་མངའ་སྡེའི་ས་ཁུལ་ཁ་གཏོར་གཏོང་རྒྱུར་མོས་མཐུན་གནང་གི་མེད་པ་རེད་
ན་གའི་གྱེན་ལོག་པ་ཚོས་ལོ་མང་རིང་རྒྱ་ནག་གཞུང་གི་དངོས་གསལ་མེད་པའི་རྒྱབ་རྟེན་དང་སྦྲགས་རྒྱ་གར་གཞུང་ལ་ཁ་གཏད་གདོང་ལེན་གྱིས་དྲག་འཐབ་སྤེལ་ཏེ་འཐབ་རྩོད་བྱས་ཡོད་ནའང་ཕྱི་ལོ་༡༩༩༧ལོ་ནས་རྒྱ་གར་གཞུང་དང་ན་གའི་གྱེན་ལོག་སྒྲིག་འཛུགས་ཀྱི་དབར་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་བརྒྱུད་ཕྱོགས་གཉིས་དབར་རྩོད་རྙོག་དེར་ཞི་འགྲིག་ཐུབ་ཐབས་སུ་གྲོས་མོལ་ལ་བཞུགས་ཏེ་ཡོད་པ་རེད་