སྤྱི་འཐུས་ཚོཊ་གཙོ་མཆོག་སྲིད་སྐྱོང་གི་འོས་མི་ལ་མང་མོས་བྱུང་བ།
དབུས་གཙང་ཆོལ་ཁའི་ངོས་ནས་མ་འོངས་སྲིད་སྐྱོང་གི་འོས་མི་ལ་ད་ལྟའི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་མང་མོས་གཏན་འབེབས་བྱུང་བ།
-
2015-07-24 -
-
-
དབུས་གཙང་ཆོལ་ཁའི་ངོས་ནས་མ་འོངས་སྲིད་སྐྱོང་གི་འོས་མི་ལ་ད་ལྟའི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་མང་མོས་གཏན་འབེབས་བྱུང་བ།
དེ་ཡང་བཞུགས་སྒར་རྡ་རམ་ས་ལར་བསྐོང་ཚོགས་གནང་བའི་དབུས་གཙང་ཆོལ་ཁའི་འགན་འཛིན་ཚོགས་ཆེན་ཐོག་ད་ལྟའི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ཕྱི་ལོ་༢༠༡༦་ལོའི་སྲིད་སྐྱོང་གི་འོས་མིར་གཏན་འབེབས་གནང་ཡོད་པ་དང་། འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། ཕྱི་ཟླ་བདུན་པའི་ཚེས་༢༢་ནས་༢༣་སྟེ་ཉིན་གཉིས་ཀྱི་རིང་བཞུགས་སྒར་རྡ་རམ་ས་ལར་དབུས་གཙང་ཆོལ་ཁའི་འགན་འཛིན་ལྷན་ཚོགས་བསྐོང་ཚོགས་གནང་ཡོད་ཅིང་། སྐབས་དེ་དུས་དབུས་གཙང་ཆོལ་ཁའི་ས་གནས་ཁག་ནས་སྲིད་སྐྱོང་གི་འོས་མིའི་ཐོ་གཞུང་འབྱོར་བ་གཞི་བཞག་ཐོག་དབུས་རྒྱུན་ལས་དང་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་བཅར་རྣམས་ཀྱིས་འོས་བསྡུའི་ཐོག་ནས་ཕྱི་ལོ་༢༠༡༦་ལོའི་སྲིད་སྐྱོང་གི་འོས་མི་དེ་གཏན་འབེབས་གནང་ཡོད་ཅིང་། འོས་མི་དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ངེས་པའི་སྐོར་དབུས་གཙང་ཆོལ་ཁའི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་འདུག
བཙན་བྱོལ་སྒྲིག་འཛུགས་ཀྱི་འོས་བསྡུ་ལྷན་ཁང་གིས་གསལ་བསྒྲགས་གནང་བ་ལྟར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། གྲོས་ཚོགས་ཀྱི་སྤྱི་འཐུས་རྣམས་པའི་སྔོན་འགྲོའི་འོས་བསྡུ་དེ་འདི་ལོའི་ཕྱི་ཟླ་བཅུ་པའི་ཚེས་༡༨་ཉིན་དང་། དངོས་གཞིའི་འོས་བསྡུ་དེ་ཕྱི་ལོ་་༢༠༡༦་ལོའི་ཕྱི་ཟླ་གསུམ་པའི་ཚེས་༢༠་ཉིན་གནང་གཏན་འཁེལ་ཟིན་པ་རེད།
གསར་འགོད་པ་ཀརྨ་རྡོ་རྗེ།