ཡུ་གུར་ཡུལ་མི་དང་རྒྱ་མིའི་ཉེན་སྲུང་བའི་དབར་འཐབ་རྩོད་བྱུང་བ།

ཤུར་ཏུར་ཀིསི་ཐན་ནང་ཡུ་གུར་ཁ་ཆེའི་ཡུལ་མི་དང་རྒྱ་མིའི་ཉེན་སྲུང་མི་སྣའི་དབར་འཐབ་རྩོད་ནང་མི་བརྒྱད་རྐྱེན་ལམ་དུ་ཕྱིན་ཡོད་འདུག

༄༅༎ཤུར་ཏུར་ཀིསི་ཐན་ནང་ཡུ་གུར་ཁ་ཆེའི་ཡུལ་མི་དང་རྒྱ་མིའི་ཉེན་སྲུང་མི་སྣའི་དབར་འཐབ་རྩོད་ནང་གྱེན་ལངས་པ་བདུན་དང་ཉེན་སྲུང་བ་གཅིག་བཅས་བརྒྱད་རྐྱེན་ལམ་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

ཨོ་ལིམ་པིག་རྩེད་འགྲན་སྐབས་ཡུ་གུར་རང་བཙན་འཐབ་རྩོད་པ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་རྒྱུའི་ཉེན་བརྡ་སྔ་རྗེས་བཏང་ཡོད་པ་ལྟར་ས་གནས་གང་སར་ཉེན་སྲུང་བ་དང་དམག་མི་འཕར་མ་བཏང་ནས་དྲག་གནོན་བྱེད་མུས་ཀྱང་རེས་གཟའ་ཉི་མའི་ཉིན་ རྒྱལ་ས་ཨུ་རུམ་ཅི་ནས་ཀི་ལོ་མི་ཊར་༧༤༠འི་སར་གནས་པའི་ཀུ་ཆ་གྲོང་ཁྱེར་ནང་ཁ་ཆེའི་གྱེན་ལོག་པ་ཁག་ཅིག་རང་སྲོག་བློས་བཏང་ནས་ས་གནས་ཀྱི་ཉེན་སྲུང་ལས་ཁུངས་དང་དེ་མིན་གཞུང་གི་ལས་ཁུངས་ཁག་ཅིག་ལ་དྲག་རྒོལ་བྱས་ཡོད་འདུག ས་གནས་ཀྱི་ཉེན་སྲུང་ལས་ཁུངས་ལ་འབར་རྫས་གས་གཏོར་གྱི་དོན་རྐྱེན་ནང་ཉེན་སྲུང་བ་གཉིས་དང་ཡུལ་མི་གཉིས་བཅས་བཞི་རྨས་ཡོད་པ་དང་དེ་རྗེས་འཐབ་རྩོད་ནང་གྱེན་ལོག་པ་བདུན་དང་ཉེན་སྲུང་བ་གཅིག་བཅས་བརྒྱད་རྐྱེན་ལམ་དུ་ཕྱིན་ཡོད་ལུགས་གཞུང་འབྲེལ་ཧྲིང་ལྦ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག དོན་རྐྱེན་གྱི་རྗེས་སུ་གྲོང་ཁྱེར་ཡོངས་རྫོགས་དམ་བསྒྲགས་བྱས་ནས་ ཡུལ་མི་ཚོ་ཕར་འགྲོ་ཚུར་འགྲོ་བཀག་སྡོམ་བྱས་ཡོད་འདུག དྲག་རྒོལ་འདི་ནི་ཟླ་བ་འདིའི་ནང་གི་དྲག་རྒོལ་ཐེངས་གཉིས་པ་དེ་ཡིན་པ་རེད་ ཕྱི་ཟླ་བརྒྱད་པའི་ཚེས་བཞི་ཉིན་ ཀ་ཤེ་གར་གྲོང་ཁྱེར་ནང་དྲག་རྒོལ་ནང་གྱེན་ལོག་པས་གཞུང་གི་ཉེན་སྲུང་མི་སྣ་༡༦རྐྱེན་ལམ་དུ་བཏང་བ་རེད༎

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org