པོ་ལེན་ཌིའི་སྲིད་འཛིན་དང་མཐོ་རིམ་དཔོན་རིགས་༩༦རྐྱེན་འདས།

པོ་ལེན་ཌིའི་སྲིད་འཛིན་དང་དཔོན་རིགས་མཐོ་གྲས་༩༦སྲིད་འཛིན་གྱི་གནམ་གྲུ་འདབ་སྐྱོན་བྱུང་སྟེ་རྐྱེན་འདས་སུ་གྱུར་ཡོད་པའི་གནས་ཚུལ།

༄༅༎པོ་ལེན་ཌིའི་སྲིད་འཛིན་ལེཀ་ཁཀ་ནི་སི་ཀི་གཙོས་དེ་མིན་ཡུལ་གྲུ་དེའི་དམག་དོན་དང་ཞི་བའི་དཔོན་རིགས་མཐོ་གྲས་༩༦སྲིད་འཛིན་གྱི་གནམ་གྲུ་ར་ཤི་ཡའི་ནུབ་ཕྱོགས་ས་ཁུལ་ཞིག་ཏུ་སྨུག་པ་ཐུག་པོ་གྲིབ་པའི་ཁོར་ཡུག་གི་ནང་བབས་སྐབས་འདབ་སྐྱོན་བྱུང་སྟེ་རྐྱེན་འདས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

པོ་ལེན་ཌིའི་སྲིད་འཛིན་དང་ཁོང་གི་སྐུ་ཟླ་དེ་མིན་གཞུང་གི་ཞི་དྲག་གི་མཐོ་རིམ་ལས་བྱེད་པ་དེ་རྣམས་དེ་སྔོན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་བའི་ཉེན་རྟོག་པས་པོ་ལེན་ཌི་གྱི་ལས་བྱེད་པ་སྟོང་ཚོ་མང་པོ་དམར་བསད་བཏང་སྟེ་ལོ་ངོ་བདུན་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོ་ཞིག་ཏུ་ཆེད་ཕེབས་གནང་འཆར་ཡིན་འདུག

སྲིད་འཛིན་གནམ་གྲུ་དེའི་ནང་ཞི་དྲག་གི་དཔོན་རིགས་དཔེར་ན་པོ་ལེན་ཌི་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་མོ་དང་དབུས་གཞུང་དངུལ་ཁང་གི་འགན་འཛིན་ ཕྱི་སྲིད་བློན་ཆེན་གཞོན་པ་ རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་ལས་ཁང་གི་སྤྱི་ཁྱབ་ དབུས་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ སྤྱི་དམངས་ཐོབ་ཐང་ལས་ཁང་གི་འགན་འཛིན་དང་ སྲིད་འཛིན་གྱི་གནད་ཡོད་ལས་བྱེད་པ་གཉིས་གཞན་ཡང་གྲོས་ཚོགས་ཀྱི་འཐུས་མི་སོགས་ཡོད་པ་པོ་ལེན་ཌི་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་གནང་འདུག

ད་རེས་པོ་ལེན་ཌི་རྒྱལ་ཁབ་ཀྱི་སྲིད་འཛིན་གཙོས་པའི་རྒྱལ་ཁབ་ཀྱི་གནད་ཡོད་དཔོན་རིགས་མང་ཆེ་བ་གློ་བུར་གནམ་གྲུ་འདབ་སྐྱོན་གྱི་དོན་རྐྱེན་འོག་མེད་པ་ཆགས་པ་འདི་ནི་པོ་ལེན་ཌི་རྒྱལ་ཁབ་ལ་གོད་ཆགས་ཧ་ལས་པའི་ཆེན་པོ་བྱུང་བ་ཞིག་ཡིན་ཡང་གཞུང་འཛིན་མ་ཐུབ་པའི་གནས་སྟངས་ཤིག་ཆགས་རྒྱུ་མིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་འདུག གཞུང་གི་སྲིད་བློན་དང་བློན་ཆེན་མང་ཆེ་བ་གནམ་གྲུ་དེའི་ནང་མེད་པ་རེད།

འདབ་སྐྱོན་བྱུང་བའི་པོ་ལེནཌ་སྲིད་འཛིན་གྱི་གནམ་གྲུ་དེ་ལོ་ངོ་ཉི་ཤུ་རྩ་དྲུག་ཙམ་ཕྱིན་པའི་གནམ་གྲུ་རྙིང་པ་ཞིག་ཡིན་ལ་ རྒྱུན་རིང་པོེ་ལེནཌ་གཞུང་གི་ངོས་ནས་གནམ་གྲུ་དེ་བརྗེ་བསྒྱུར་དགོས་རྒྱུར་གྲོས་བསྡུར་བྱུང་མྱོང་ཡོད་འདུག་ཀྱང་ དངུལ་རྩིས་བཀའ་ཁྲོལ་མ་ཐོབ་སྟབས་བརྗེ་བསྒྱུར་མ་ཐུབ་པར་ལུས་པ་ཞིག་ཡིན་འདུག།

པོ་ལེན་ཌི་ནང་སྲིད་འཛིན་གསར་པ་འདེམས་བསྐོ་མ་བྱུང་བར་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་གཙོས་སྲིད་འཛིན་ལས་ཚབ་གནང་རྒྱུ་དང་ ཁོང་གིས་པོ་ལེན་ཌི་གྱི་ནང་གཟའ་འཁོར་གཅིག་རིང་མྱ་ངན་གུས་བཏུད་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org