རྒྱལ་ཚོགས་ཀྱི་བལ་ཡུལ་སྐུ་ཚབ་དོན་གཅོད་ཀྱི་ལས་ཡུན་སྐོར།

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ལས་ཡུན་ཕར་འགྱང་བྱེད་མིན་ཐད་བསམ་ཚུལ་མི་མཐུན་པ་ཡོད་མུས་སྐོར།

༄༅༎བལ་ཡུལ་ནང་ཞི་འགྲིག་ལས་དོན་བྱེད་པོ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ལས་ཡུན་འདི་ལོའི་ཕྱི་ཟླ་༩་པའི་ཚེས་༡༥་ནས་རྫོགས་ཀྱི་ཡོད་སྟབས། དེ་ནས་ཕར་འགྱང་བྱེད་མིན་ཐད་བསམ་ཚུལ་མི་མཐུན་པ་ཡོད་མུས་ལྟར་འཕྲལ་སེལ་གཞུང་འཛིན་སྲིད་བློན་གྱིས་ཧར་ཐལ་ངང་ཐག་གཅོད་བྱེད་མི་རུང་བའི་བསམ་འཆར་སྲིད་དོན་ཚོགས་པ་མང་པོའི་འགོ་ཁྲིད་ཀྱིས་བཏོན་འདུག

འོན་ཀྱང་བལ་ཡུལ་གྱི་མའོའི་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་གཞན་ཡང་ལྷོ་ཕྱོགས་མ་རྡེ་སི་ཚོགས་པའི་འགོ་ཁྲིད་སོགས་སྲིད་བློན་གྱིས་འདུ་བསྐོང་གནང་བའི་སྲིད་དོན་ཚོགས་པའི་ལྷན་ཚོགས་དེའི་ནང་ཕེབས་གནང་མེད་ཅིང་། མའོའི་དམར་ཤོག་ཚོགས་པ་སོགས་ཀྱིསབལ་ཡུལ་ནང་ཞི་འགྲིག་ལས་དོན་བྱེད་པོ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ལས་ཡུན་ད་དུང་ཟླ་དྲུག་རིང་ཕར་འགྱང་བྱ་རྒྱུའི་འདོད་འདུན་གསལ་བཏོན་གནང་འདུག

འཕྲལ་སེལ་གཞུང་འཛིན་སྲིད་བློན་མ་རྡལྦ་ཀུ་མར་ནེ་པལ་གྱིས་རྒྱལ་ཚོགས་ཀྱི་ཞི་འགྲིག་དོན་གཅོད་ཀྱི་ལས་ཡུན་ཕར་འགྱང་གནང་རྒྱུར་འདོད་མོས་གནང་གི་མེད་པ་རེད། ཡང་འཕྲལ་སེལ་གཞུང་འཛིན་གྱིས་གནད་དོན་དེ་གའི་ཐོག་ཚོགས་ཆུང་ཞིག་ཟུར་འཛུགས་ཀྱི་སྙན་ཐོ་འབུལ་ལམ་ཞུས་པའི་སྙིང་དོན་ནི། ད་ལྟའི་བལ་ཡུལ་གྱི་སྲིད་དོན་གནས་སྟངས་འགྱུར་འགྲོས་ཕྱིན་པའི་འོགབལ་ཡུལ་ནང་ཞི་འགྲིག་ལས་དོན་བྱེད་པོ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ལས་ཡུན་ཟླ་དྲུག་རིང་ཕར་འགྱང་གནང་དགོས་པའི་ལམ་སྟོན་ཕུལ་ཡོད་ཀྱང་།

རྒྱལ་ཚོགས་སྐུ་ཚབ་ཀྱིས་སྟངས་འཛིན་དང་ཐེ་གཏོགས་བལ་ཡུལ་གཞུང་གི་དམག་མིའི་སྒྲིག་འཛུགས་ལ་བྱེད་མི་ཆོག་པ་བཟོས་ཏེ་དབང་ཆ་ཆུང་རུ་གཏོང་གལ་ཆེ་བར་འགྱུར་བའི་སྐོར་འཁོད་ཡོད་པ་རེད།

བལ་ཡུལ་ནང་ཞི་འགྲིག་ལས་དོན་བྱེད་པོ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ལས་ཡུན་ཕར་འགྱང་བྱེད་མིན་གཞུང་འཛིན་སྲིད་བློན་གྱིས་ཐག་གཅོད་བྱ་རྒྱུ་ཡིན་ཡང་། བལ་ཡུལ་ནང་ཞི་འགྲིག་ལས་དོན་འཐུས་ཚང་འགྲུབ་ཐུབ་མེད་སྟབས།  སྔ་འཕྲོས་རྒྱལ་ཚོགས་ཀྱི་སྐུ་ཚབ་དོན་གཅོད་ཀྱི་དབང་ཆ་ཆུང་དུ་བཏང་སྟེ་དུས་ཡུན་ཕར་འགྱང་གནང་ན་ལེགས་ཚུལ་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་རམ་ཤ་རན་མ་ཧཏ་ཡིས་གསར་འགོད་པར་འགྲེལ་བརྗོད་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org