ཡི་ཤུའི་བླ་ཆེན་མཆོག་ཨི་སི་རེལ་ནང་འཚམས་གཟིགས།
ཡི་ཤུའི་བླ་ཆེན་པོབ་སྦེ་ནེ་ཌིཀ་མཆོག་གཟའ་ཟླ་བའི་ཉིན་ཨི་སི་རེལ་ནང་འཚམས་གཟིགས་སུ་ཕེབས་འབྱོར་བྱུང་ཡོད་པའི་གནས་ཚུལ་འདུག
-
2009-05-11 -
-
-
༄༅༎ཡི་ཤུའི་བླ་ཆེན་པོབ་སྦེ་ནེ་ཌིཀ་མཆོག་གཟའ་ཟླ་བའི་ཉིན་ཨི་སི་རེལ་ནང་འཚམས་གཟིགས་སུ་ཕེབས་འབྱོར་བྱུང་ཡོད་པ་དང་དེ་ནི་ཁོང་གི་དཀྱིལ་ཤར་ཡུལ་གྲུ་ཁག་ནང་གི་འཚམས་གཟིགས་ནང་ནས་ཚོར་བ་རྣོ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད།
ཡི་ཤུའི་བླ་ཆེན་མཆོག་ཨི་སི་རེལ་གྱི་གནམ་ཐང་དུ་ཕེབས་འབྱོར་གནང་སྐབས་ཨི་སི་རེལ་གྱི་སྲིད་འཛིན་ནས་ཕེབས་བསུ་སྣེ་ལེན་ཞུས་ཡོད་པ་དང་བླ་ཆེན་མཆོག་ནས་གནམ་ཐང་དུ་གསུང་བཤད་ཅིག་གནང་ཡོད་པའི་ནང་དམག་ཆེན་གཉིས་པའི་སྐབས་ཚེ་སྲོག་ཤོར་བའི་ཇིའུ་མི་རིགས་ཀྱི་དྲན་གསོ་ཁང་དུ་ཕེབས་རྒྱུ་དང་འབྲེལ་ཁོང་ཚོར་མྱ་ངན་དྲན་གསོ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
ཡིན་ནའི་ཨི་སི་རེལ་ནང་མི་མང་པོ་ཞིག་གིས་ཡི་ཤུའི་བླ་ཆེན་མཆོག་ནས་དམག་ཆེན་གཉིས་པའི་སྐབས་ཇིའུ་མི་རིགས་ཁྱོན་ཆེ་སྡེབ་གསོད་བཏང་ཡོད་པ་ཁས་ལེན་མི་བྱེད་མཁན་ཞིག་ཆོས་དཔོན་དུ་བསྐོ་བཞག་གནང་བར་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བཏོན་བཞིན་ཡོད་པ་རེད། ཡི་ཤུའི་བླ་ཆེན་མཆོག་ཨི་སི་རེལ་ནང་དུས་ཡུན་ཉིན་གྲངས་ལྔའི་རིང་འཚམས་གཟིགས་གནང་རིང་པེ་ལེ་སི་ཊིན་དང་ཨི་སི་རེལ་གྱི་དཔོན་རིགས་དང་མཇལ་མོལ་གནང་འཆར་ཡོད་ཅིང་བླ་ཆེན་མཆོག་ནས་ཨི་སི་རེལ་དང་པེ་ལེ་སི་ཊིན་དབར་མཇུག་འབྲས་ཐོན་པའི་ཞི་བའི་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་ཡོད་པ་དང་འབྲེལ་པེ་ལེ་སི་ཊིན་དང་ཨི་སི་རེལ་ཕྱོགས་གཉིས་ཀས་ཞི་བདེ་བརྟན་ལྷིང་དང་རྒྱལ་སྤྱིས་ཁས་ལེན་ཐུབ་པའི་ས་མཚམས་ནང་རང་རང་སོ་སོའི་ཁྱིམ་ཚང་བསྐྱང་ནས་དགའ་བ་བདེའི་འཚོ་བ་བསྐྱེལ་དགོས་ལུགས་གསུངས་ཡོད་པ་རེད།