པོ་ཏཱ་ལའི་ཕྱི་རུ་འཛུགས་སྐྲུན་བྱ་རྒྱུ་ཚད་བཀག་དམ་དུ་གཏང་རྒྱུ།

ཕོ་བྲང་པོ་ཏཱ་ལའི་ཕྱི་རུ་ཚོང་ལས་དྲིལ་བསྒྲགས་དང་ཨར་ལས་འཛུགས་སྐྲུན་བྱ་རྒྱུ་སོགས་ཚད་བཀག་དམ་དུ་གཏང་རྒྱུའི་སྲིད་ཇུས་ཞེས་པ་གཏན་འབེབས།

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཆོས་རིག་དང་རིག་གཞུང་ཚན་རིག་སྡེ་ཚན་གྱིས་འཛམ་གླིང་གནའ་རྫས་རང་འབྱུང་གནས་སྟངས་ཐོག་འཇོག་དགོས་པའི་འབོད་སྐུལ་འོག་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གནས་པའི་གནས་མཆོག་པོ་ཏཱ་ལའི་ཕྱི་རུ་ཚོང་ལས་དྲིལ་བསྒྲགས་དང་ཨར་ལས་འཛུགས་སྐྲུན་བྱ་རྒྱུ་སོགས་ཚད་བཀག་དམ་དུ་གཏང་རྒྱུའི་སྲིད་ཇུས་ཞེས་པ་གཏན་འབེབས་བྱས་ཡོད་པ་དང་གཏན་འབེབས་དེའི་སྐོར་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་འབྲེལ་བོད་ལྗོང་ཉིན་རེའི་ཚགས་ཤོག་གི་དྲ་རྒྱའི་ཐོག་འཁོད་ཡོད་པ་དང་དེའི་ནང་བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་དོགས་ཟོན་ཆེད་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བོད་ནང་བསྐྱོད་རྒྱུ་གནས་སྐབས་བཀག་སྡོམ་བྱས་པའི་སྐོར་མདོར་སྡུས་ཤིག་འཁོད་ཡོད་པ་དང་དེ་མིན་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་ཟི་ཁྲོན་ཞིང་ཆེན་ཁོངས་སུ་གཏོགས་པའི་བོད་ཀྱི་རྔ་པ་ཁུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལྟེ་གནས་ཁག་ནང་ལ་ཡང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུ་བཀག་སྡོམ་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་རིགས་དང་རིག་གཞུང་ཚན་རིག་སྡེ་ཚན་གྱི་རིག་གནས་དངོས་ཤུལ་རང་འབྱུང་གནས་སྟངས་ཐོག་འཇོག་དགོས་པའི་དགོས་འདུན་ཡིག་ཆ་ཁག་ཁ་གསལ་གང་ཡང་གསལ་སྟོན་མ་བྱས་པར་རྒྱ་ནག་གཞུང་གིས་ཕྱི་ལོ་ཉིས་སྟོང་བདུན་ལོའི་རྒྱལ་སྤྱིའི་གནའ་རྫས་རིག་གཞུང་ཤུལ་ལྷག་ཐོ་བཀོད་ཀྱི་ལྷན་ཚོགས་ཐོག་ཐོ་བཀོད་ཡོང་ཐབས་སུ་བཏོན་པའི་པོ་ཏཱ་ལ་ཚུད་པའི་གནའ་ཤུལ་ཁག་ལྔ་ལ་འཕེལ་རྒྱས་གཏོང་ཤུགས་ཆེ་དྲག་རྒྱུར་སེམས་ཚབ་ཡོད་ལུགས་ཀྱིས་བཀག་སྡོམ་བྱེད་བཞིན་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org