ཐེ་ལྦན་ནང་ས་ཡོམ་ཤུགས་ཆེན་པོ་ཞིག་བརྒྱབ་པ།

གྲོང་ཁྱེར་ཀའོ་ཤུང་ནང་ས་ཡོམ་འགུལ་ཚད་༥དང་གྲངས་ཆུང་༩ཅན་བརྒྱབ་ཡོད་པའི་གནས་ཚུལ།

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་ཐེ་ཝན་གྱི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་ཡིན་པ་ཀའོ་ཤུང་(Kaohsiung)ནང་དུ་ས་ཡོམ་འགུལ་ཚད་༥ དང་གྲངས་ཆུང་༩ ཤུགས་ཚད་ཆེན་པོ་ཞིག་བརྒྱབ་ཡོད་ཀྱང་ད་ལྟའི་འཆར་མི་ཤི་རྨས་ཀྱི་གནས་ཚུལ་གང་ཡང་ཐོན་མེད་པ་རེད།
དེ་ཡང་ཨ་མེ་རི་ཀའི་ས་ཞིབ་ལས་ཁང་གིས། ཐེ་ཝན་ཤར་ཕྱོགས་ནས་ཀི་ལོ་མི་ཊར་༥༧ མཚམས་སུ་ཡོད་པའི་ལྷོ་ཕྱོགས་གྲོང་ཁྱེར་ཀའོ་ཤུང་ནང་དུ་དེ་རིང་སྔ་དྲོའི་ཚོུད་༡༠ དང་སྐར་མ་༣༤ ཐོག་ས་ཡོམ་གཏིང་ཚད་ཀི་ལོ་མོ་ཊར་བཞི་ཙམ་རྒྱབ་ཡོད་པའི་སྐོར་གསུངས་ཡོད་ཅིང༌། ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང༌། ས་ཡོམ་འགུལ་ཚད་ལྔ་དང་གྲངས་ཆུང་༩ བརྒྱབ་པ་བཀོད་ཡོད་ཀྱང་ཧོང་ཀོང་གི་ས་ཡོམ་བརྟག་ཞིབ་པས། འགུལ་ཚད་༦ དང་ཐེ་ཝན་གྱི་ས་ཡོམ་བརྟག་ཞིབ་པས་འགུལ་ཚད་༦ དང་གྲངས་ཆུང་༡ བརྒྱབ་ཡོད་པ་ས་ཡོམ་གྱི་ཤུགས་ཚད་ཕྲན་བུ་མི་འདྲ་བ་ངོས་འཛིན་བྱས་ཡོད་པ་རེད། ཐེ་ཝན་རྒྱལ་ཡོངས་མེ་གསོད་རུ་ཁག་གིས། ད་ལྟའི་འཆར་ས་ཡོམ་གྱི་གནོད་འཚེ་དེའི་ནང་མི་ཤི་རྨས་དང༌། གནོད་སྐྱོན་ཚབས་ཆེ་བ་གང་ཡང་བྱུང་མེད་པ་གསུང་ཡོད་ཅིང༌། ས་ཡོམ་རྒྱབ་ཡུལ་གྱི་ས་གནས་མི་དམངས་རྣམས་ཁང་པའི་ནང་སྡོད་བློས་མི་བཟོད་པར་རྒྱ་ལམ་ཐོག་ཏུ་ཐོན་ནས་བསྡད་ཡོད་པ་མ་ཟད། རི་ལིའི་འགྲིམས་འགྲུལ་གནས་སྐབས་རིང་མཚམས་འཇོག་བྱས་དགོས་བྱུང་ཡོད་ཀྱང་ད་ཆ་གྲོང་ཁྱེར་ཀའོ་ཤུང་ནས་རྒྱལ་ས་ཐའེ་ཕེ་བར་དུ་རི་ལི་མགྱོགས་ཚད་མྱུར་པོ་འགྲིམས་འགྲུལ་བྱེད་མཁན་དེ་བསྐྱར་དུ་སྒོ་མོ་ཕྱེད་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org