རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་སྨོན་ལམ།

བཞུགས་སྒར་དུ་༸གོང་ས་མཆོག་དབུ་ཞུགས་ཐོག་བླ་སྤྲུལ་རྣམ་པས་བོད་དོན་ཆེད་རང་སྲོག་བློས་བཏང་མཁན་རྣམས་ཀྱི་ཆེད་དུ་སྨོན་ལམ་གསོལ་འདེབས།

༄༅༎དེ་རིང་རྒྱ་གར་རྡ་རམ་ས་ལར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་ བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་རྣམས་ཀྱིས་  བོད་དོན་ཆེད་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་རྣམས་དང་། ད་དུང་རྒྱའི་བཙོན་ཁང་ནང་དཀའ་སྡུག་མྱོང་བཞིན་པའི་ཆབ་སྲིད་ཀྱི་བཙོན་པ་རྣམས་གཙོ་བོར་གྱུར་པའི་བོད་ནང་གི་བོད་མི་ཚོའི་ཆེད་དམིགས་བསལ་ཐུགས་སྨོན་གསོལ་འདེབས་གནང་བཞག 
དེ་བཞིན་ཞིང་བཤེགས་དམ་པ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་དང་།  སྐུ་བཤེགས་བཀའ་བློན་ཁྲི་ཟུར་དམ་པ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ཀྱི་ཆེད་དུའང་ཐུགས་སྨོན་གནང་བཞག  དམིགས་བསལ་ཐུགས་སྨོན་གྱི་ཞབས་རིམ་འདི་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་དོན་ལྷན་ཁང་ནས་གོ་སྒྲིགས་གནང་བ་ཞིག་ཡིན་པ་དང་།  ཞབས་རིམ་འདི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་བླ་ཆེན་རྣམས་དང་། དབུས་བོད་མིའི་སྒྲིགས་འཛུགས་ཀྱི་གཞུང་ཞབས་རྣམ་པ་བཅས་མི་གྲངས་ཉིས་སྟོང་ཙམ་ཀྱིས་མཉམ་བཞུགས་གནང་བཞག།  ཞབས་རིམ་འདི་བཞིན་ད་ལྟ་འཚོགས་བཞིན་པའི་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་སྟབས་བསྟུན་ནས་གནང་བ་ཞིག་ཡིན་པ་དང་།  ཉིན་གསུམ་ཀྱི་ཆོས་ཚོགས་ཚོགས་ཆེན་ཐོག དཔལ་རྒྱལ་བ་ཀརྨ་པ་དང་། ས་སྐྱ་བདག་ཁྲི་རིན་པོ་ཆེ།  སྨན་རིའི་ཁྲི་ཆེན་མཆོག  དགའ་ལྡན་ཁྲི་པ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས། ཞི་ཆེན་རབ་འབྱམས་རིན་པོ་ཆེ། མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག། སྨིན་གླིང་མཁན་ཆེན་རིན་པོ་ཆེ།  འབྲུག་ཆེན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན།  སྟག་ལུང་མ་སྤྲུལ་རིན་པོ་ཆེ།  གོང་དཀར་རིན་པོའི་སྐུ་ཚབ་མཁན་པོ་འཇམ་དབྱངས་ཆོས་སྦྱིན།  ལོ་ཆེན་སྤྲུལ་སྐུ་རིན་པོ་ཆེ། མཚོ་སྣ་སྤྲུལ་སྐུ་རིན་པོ་ཆེ།  རྣམ་གྲ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ།  བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་སོགས་རྒྱ་བལ་འབྲུག་གསུམ་ནས་བླ་སྤྲུལ་དང་མཁན་པོ་༢༢ཙམ་ཕེབས་ཡོད་འདུག།



2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org