ཉིན་རྒྱ་དུས་གཅིག་ཏུ་མཆོད་འབུལ།
2013.02.19

༄༅། །དེ་རིང་ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་ཀྱིས་ཕྱི་ཚེས་ ༢༠ རེས་གཟའ་ལྷག་པ་ཉིན་བོད་བསྟན་སྲིད་མི་རིགས་དང་། རང་དབང་གི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་འདས་གསོན་ཕོ་མོ་ཡོངས་ཀྱི་ཆེད་ཉིན་བརྒྱ་དུས་གཅིག་ལ་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་འཚོགས་རྒྱུའི་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
སྐབས་དེར་ཆོས་རིག་དྲུང་ཆེ་མཆོག་གིས་གསུངས་གསལ་ལྟར་ན། ཕྱི་ལོ་ ༢༠༠༩ ཟླ་ ༢ ནང་རང་སྲེག་གི་ལས་འགུལ་ཐོག་མ་སྤེལ་བའི་རྗེས། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༧ བར་དུས་ཡུན་ལོ་ངོ་གསུམ་དང་། ཟླ་བ་བཅུ་གཅིག ཉིན་གྲངས་བཅུ་བདུན་ནང་གནས་ཚུལ་ཤེས་རྟོགས་ལྟར་བོད་གངས་ཅན་ལྗོངས་སུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༠༢ ནས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ཉིད་མེར་སྲེག་བཏང་བས་མ་ཟད་ ༨༦ ཙམ་རྐྱེན་འདས་སུ་གྱུར་ཡོད། དེས་ན་བསྟན་སྲིད་མི་རིགས་ཆེད་དུ་གཅེས་པའི་སྲོག་ཀྱང་འདོར་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་མ་ལུས་པ་བྱང་ཞིང་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་པ་དང་། ཁོང་ཚོའི་རྗེས་བཞུགས་ནང་མི་སྤུན་ཉེ་དང་། ད་ལྟའང་བོད་ནང་བཙོན་འཇུག་མནར་གཅོད་སོགས་དཀའ་སྡུག་མི་ཟད་པ་མྱངས་དང་མྱོང་བཞིན་པའི་བོད་རིགས་ཚོ་ལ་བཙན་བྱོལ་བོད་མི་རྣམས་ནས་ཀྱང་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་མཚོན་བྱེད་དུ། བཙན་བྱོལ་བོད་མི་འདུ་སྡོད་ས་གནས་ཐམས་ཅད་དུ་འདི་ཟླའི་ཚེས་ ༢༠ རེས་གཟའ་ལྷག་པ་ཉིན་ཕྱི་དྲོ་ཆུ་ཚོད་ ༣་༠༠ ནས་ ༥་༠༠ བར་ཉིན་རྒྱ་དུས་གཅིག་ཏུ་སྨོན་ལམ་མཆོད་འབུལ་རྒྱས་པ་ཞིག་འཚོགས་གནང་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད།།