རྒྱ་གར་དང་ཨ་རི་བར་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་ལམ།
ཨ་རི་དང་རྒྱ་གར་གྱི་འབྲེལ་བ་དེ་དུས་རབས་ཉེར་གཅིག་པའི་ནང་ལོ་རྒྱུས་དང་ལྡན་པའི་འབྲེལ་བ་ཞིག་ཆགས་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད་
-
2010-11-08 -
-
-
༄༅༎ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་དང་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་རྣམ་གཉིས་ཀྱིས་ཨ་མི་རི་ཀ་དང་རྒྱ་གར་གྱི་འབྲེལ་བ་དེ་དུས་རབས་ཉེར་གཅིག་པའི་ནང་ལོ་རྒྱུས་དང་ལྡན་པའི་འབྲེལ་བ་ཞིག་ཆགས་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད་ རེས་གཟའ་ཟླ་བ་ཉིན་རྒྱལ་ས་ལྡི་ལིའི་ནང་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་རྒྱ་གར་དང་ཨ་རི་བར་གྱི་འབྲེལ་བ་དེ་གཟབ་ཏུ་གཏོང་གནང་ནས་འདྲ་མཉམ་ཐོག་སྲུང་སྐྱོབས་ཀྱི་ཐབས་བྱུས་ཐོག་ཕྱག་ལས་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།
ཕྱོགས་གཉིས་ཀས་མཁའ་དབྱིངས་འཁྲུལ་རིག་དང་དྲག་པོ་དང་ཞི་བའི་རྡུལ་ཕྲན་འཁྲུལ་རིག་སོགས་ཀྱི་ཐོག་མཉམ་ལས་གནང་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད། སྲིད་འཛིན་ཨོ་སྦ་མ་ངོས་ནས་ཕྱོགས་ཕན་ཚུན་གཉིས་ཀས་ས་མཚམས་དང་མཚོ་ཁ་དེ་བཞིན་གནམ་ཐང་བཅས་པའི་སྲུང་སྐྱོབས་ཡར་རྒྱས་གཏོང་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད། གསར་འགོད་པའི་དྲི་བར་ཨོ་སྦ་མ་མཆོག་གིས་རྒྱ་གར་དང་པཀིསི་ཏན་བར་གྱི་དཀའ་རྙོགས་དེར་ཨ་མི་རི་ཀའི་ངོས་ནས་ཐེ་བྱུས་བྱེད་རྒྱུའི་ཐུགས་འདོད་ཡོད་པའི་རྣམ་འགྱུར་བཏོན་གནང་མེད་པ་རེད་
རྒྱ་གར་གྱི་སྲིད་བློན་སིང་མཆོག་གིས་པཀིསྟན་ངོས་ནས་འཇིགས་བསྐུལ་གྱི་ནུས་ཤུགས་ཀྱི་སྲིད་བྱུས་ཞེས་བརྗོད་ནས་དེ་མཚམས་འཇོག་བྱེད་དགོས་པའི་སྐོར་གསུངས་ཡོད་པ་རེད།
སྲིད་འཛིན་ཨོ་སྦ་མ་ངོས་ནས་ཨ་རི་དང་རྒྱ་གར་གྱི་འབྲེལ་བའི་སྐོར་ཕྱོགས་བསྡོམས་འདི་ལྟར་གནང་ཡོད་པ་རེད། ཨ་རི་དང་རྒྱ་གར་གྱི་ཡུལ་གཉིས་འཛམ་གླིང་ནང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་གཉིས་ཡིན་པ་དང་འཕེལ་རྒྱས་དང་གཞི་རྒྱ་ཆེ་བའི་ཁྲོམས་རའི་དཔལ་འབྱོར་གྱི་ལམ་ལུགས་ཡོད་པའི་ཡུལ་གཉིས་ནང་མི་རིགས་འདྲ་མིན་དང་བཟོས་གསན་བྱེད་པའི་སྤྱི་ཚོགས་གཉིས་ཡོད་སྟབས་ཡུལ་གཉིས་འཛམ་གླིང་གི་ཡུལ་ཁག་ནང་འགོ་འཁྲིད་བྱེད་པའི་གོ་སྐབས་ཡོད་པ་བཞིན་འགན་དབང་ཡང་ཡོད་པ་རེད་ཅེས་དང་ དེ་འདྲ་སོང་གཙང་ཨ་མི་རི་ཀ་དང་རྒྱ་གར་གྱི་ཡུལ་གཉིས་ཀྱི་འབྲེལ་བ་དེ་དུས་རབས་ཉེར་གཅིག་པའི་ནང་ལོ་རྒྱུས་དང་ལྡན་པའི་འབྲེལ་བ་ཞིག་ཆགས་རྒྱུ་ཡིན་པ་རེད་ཅེས་གསུང་འདུག
ཡང་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་ཀྱང་ཡུལ་གཉིས་བར་གྱི་འབྲེལ་བ་དེ་འབྱུང་འགྱུར་གྱི་ལོ་ངོ་བཅུ་ཕྲག་འགའ་ཤས་ནང་ལོ་རྒྱུས་ལྡན་པའི་འབྲེལ་ལམ་མེད་ཐབས་མེད་པའི་འབྲེལ་བ་ཞིག་ཆགས་རྒྱུ་ཡིན་སྐོར་གསུང་འདུག།