ཨ་རིའི་སྲིད་འཛིན་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་སྐོར།

ཕྱི་ལོ་ཉིས་སྟོང་དགུ་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་ལ་ཐོབ་ཡོད་པ་རེད།

༄༅༎ཕྱི་ལོ་ཉིས་སྟོང་དགུ་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་ལ་ཐོབ་ཡོད་པ་རེད།

ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་མཁན་གྱི་ལྷན་ཚོགས་ཀྱིས་གསལ་བསྒྲགས་གནང་བའི་ནང་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་རྒྱལ་སྤྱིའི་ཕྱི་འབྲེལ་ལས་དོན་ཐོག་གི་གྲུབ་འབྲས་དང་འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུའི་ལས་དོན་ཐོག་འབད་བརྩོན་ལྷོད་མེད་གནང་བའི་མཛད་རྗེས་ལ་དམིགས་ནས་ཉིས་སྟོང་དགུ་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་ཨ་རིའི་ལས་ཐོག་སྲིད་འཛིན་སྦ་རཀ་ཨོ་སྦ་མར་འབུལ་བཞེས་གནང་རྒྱུའི་ཐག་གཅོད་བྱུང་བ་ཕྱིར་བསྒྲགས་གནང་ཡོད་འདུག ནོ་བེལ་ཞི་བདེའི་གཟེངས་རྟགས་ལྷན་ཚོགས་ཀྱིས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་ལྟ་བུ་འཛམ་གླིང་ཁྱོན་ཡོངས་ནས་དོ་སྣང་བྱེད་ས་དང་མི་རྣམས་ཀྱིས་མ་འོངས་ལ་རེ་བ་སྐྲུན་ཐུབ་མཁན་ཞིག་ཧ་ཅང་དཀོན་པོ་ཡིན་ལུགས་ཀྱི་བསྔགས་བརྗོད་ཞུས་ཡོད་ཅིང་ལྷན་ཚོགས་ཀྱིས་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་ནས་ལོ་ངོ་གཅིག་ཙམ་ཡང་མ་ཕེབས་པའི་སྲིད་འཛིན་ཨོ་སྦ་མར་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་དགོས་དོན་ནི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་མཁན་གྱི་ལྷན་ཚོགས་ངོས་ནས་ཨོ་སྦ་མ་ཡིས་རྒྱལ་སྤྱིའི་ནང་ཡུལ་གྲུ་ཁག་གི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་དང་འཛམ་གླིང་ཁྱོན་ཡོངས་སུ་རྡུལ་ཕྲན་གྱི་གོ་མཚོན་མེད་པ་བཟོ་རྒྱུའི་དམིགས་ཡུལ་ལ་རྒྱབ་སྐྱོར་མཚོན་ཐུབ་པའི་ཆེད་དུ་ཡིན་པ་དང་ཨ་རིའི་སྲིད་འཛིན་ཨོ་སྦ་མ་ཡིས་སྲིད་འཛིན་ཐུགས་འགན་བཞེས་པའི་རྗེས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་ལ་འགྱུར་བ་ཆེན་པོ་བཏང་ནས་གནད་དོན་ཛ་དྲག་གང་འདྲ་ཞིག་ཡིན་ན་ཡང་གྲོས་མོལ་གྱི་ལམ་བུའི་ཐོག་ནས་ཐག་གཅོད་ཡོང་རྒྱུའི་དམིགས་དཔེ་བཟང་པོ་ཞིག་རྒྱལ་སྤྱིའི་ཐོག་བཏོན་ཐུབ་ཡོད་པའི་སྐོར་སོགས་ལྷན་ཚོགས་དེས་སྤེལ་བའི་གསལ་བསྒྲགས་ནང་འཁོད་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org