རྒྱ་ནག་གི་བདེ་སྲུང་ལྷན་ཁང་གི་སྒོ་འགྲམ་དུ་ངོ་རྒོལ་བྱས་འདུག

རྒྱ་ནག་གི་བདེ་སྲུང་ལྷན་ཁང་གི་སྒོ་འགྲམ་དུ་ཆེས་དཀོན་པའི་དམག་མི་ཟུར་པ་ཚོས་ངོ་རྒོལ་བྱས་འདུག

རྒྱ་ནག་གི་བདེ་སྲུང་ལྷན་ཁང་གི་སྒོ་འགྲམ་དུ་དམག་མི་ཟུར་པ་ཚོས་ངོ་རྒོལ་བྱས་སྐབས། ༢༠༡༦།༡༠།༡༡

རྒྱ་ནག་གི་བདེ་སྲུང་ལྷན་ཁང་གི་སྒོ་འགྲམ་དུ་ཆེས་དཀོན་པའི་དམག་མི་ཟུར་པ་ཚོས་ངོ་རྒོལ་བྱས་འདུག
དེ་ཡང་གཟའ་ལྷག་པ་ཕྱི་ཚེས་༡༢་ཉིན་གྱི་ཞོགས་པ་རྒྱ་ནག་གི་སྐོར་སྲུང་བདེ་འཇག་མི་སྣ་དང་ཉེན་རྟོག་པའི་མོ་ཊ་བཅུ་ཕྲག་འགའ་ཤས་རྒྱ་ནག་གི་བདེ་སྲུང་ལྷན་ཁང་གི་སྒོ་འགྲམ་དུ་འགྲེམས་འཇོག་བྱས་ཡོད་པ་རེད། དེ་ནི་ཉིན་གཅིག་གི་སྔོན་དུ་རྒྱ་ནག་གི་དམག་མི་ཟུར་པ་དང་རྒས་ཡོལ་ཕྱིན་པ་དམག་མི་སྟོང་ཕྲག་བརྒལ་བས་ངོ་རྒོལ་བྱས་བ་བརྟན་ལྷིང་ཡོང་ཆེད་དུ་ཡིན་པ་རེད་འདུག།
ངོ་རྒོལ་དེ་བཞིན་གཟའ་མིག་དམར་ཉིན་རྒྱ་ནག་གི་བདེ་སྲུང་ལྷན་ཁང་དང་དབུས་དམག་ཇུས་ལྷན་ཁང་གི་ལྟེ་གནས་བེ་ཡི་ཞེས་ཁང་ཆེན་དེའི་མདུན་དུ་བྱས་ཡོད་པ་རེད། སྲུང་སྐྱོབ་དམ་པོ་ཡོད་པའི་རྒྱ་ནག་གི་དམག་ཇུས་ལྷན་ཁང་གི་ས་ཁུལ་དེ་འདྲ་ཞིག་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་དེ་རིགས་སྤེལ་བ་ཆེས་ཤིན་དུ་དཀོན་པོ་ཞིག་ཡིན་པ་རེད་འདུག།
ཕྱི་རྒྱལ་གྱི་བརྒྱུད་ལམ་ཁག་ནང་སྤེལ་བའི་གནས་ཚུལ་ལྟར་ན། ངོ་རྒོལ་བ་མང་བའི་སྐབས་སུ་མི་སྟོང་ཕྲག་གཅིག་བརྒལ་བ་འདུ་འཛོམས་བྱུང་ཡོད་ཚུལ་བརྗོད་འདུག། བརྙན་པར་སོགས་ནས་ཤེས་རྟོགས་ཐུབ་པ་ལ་ཐེངས་འདིའི་ངོ་རྒོལ་སྐབས་སུ་དྲག་ལས་སོགས་དང་། རྒོལ་འཛིང་གི་གནས་ཚུལ་གང་ཡང་བྱུང་མེད་ན་ཡང་། དམག་མིའི་གྱོན་ཆས་མཚོན་མདོག་ལྗང་ཁུ་གྱོན་པའི་ངོ་རྒོལ་བ་ཚོས་སྐད་འབོད་དང་ས་ཐོག་དུ་བསྡད་ནས་ཞི་བའི་ངོ་རྒོལ་བྱས་ཡོད་འདུག།
རྒྱ་ནག་གི་གྲོང་ཁྱེར་དང་མངའ་སྡེ་ཁག་གང་ས་ནས་འདུ་འཛོམས་ངོ་རྒོལ་བྱེད་པར་ཡོང་བའི་དམག་མི་ཟུར་པ་ཚོས་རྒས་ཡོལ་གྱི་ཐོབ་ཐང་དང་། གཞུང་གིས་མཐུན་འགྱུར་ཡག་པོ་སྤྲོད་དགོས་པའི་ཞུ་འབོད་བྱེད་ཀྱི་ཡོད་པ་རེད་འདུག།
རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་ལོ་སྔོན་མ་རྒྱ་ནག་བཅིངས་བཀྲོལ་དམག་གི་གྲུབ་ཆ་བཅོས་བསྒྱུར་དང་འབྲེལ་བའི་འཆར་གཞིའི་་ནང་དམག་མི་ལས་བྱེད་གསུམ་འབུམ་ལས་ཀ་
ཉུང་འཕྲི་གཏོང་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་རེད།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org