ཉི་ཧོང་གི་བགེགས་བར་གནས་སྟངས།
ཉི་ཧོང་ནང་རྡུལ་ཕྲན་ནུས་ཤུགས་ཀྱི་གློག་ཁང་འབར་གས་བྱུང་ནས་རྫས་འགྱུར་གྱིས་མིའི་བདེ་ཐང་ལ་གནོད་འཚེ་བཟོ་བའི་བློ་འཚབ་་ཡོད་པ།
-
2011-03-25 -
-
-
༄༅༎ཉི་ཧོང་གི་རང་འབྱུང་གནོད་འཚེ་དེའི་ནང་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་བྱུང་བ་མ་ཟད། ད་ཆ་རྡུལ་ཕྲན་ནུས་ཤུགས་ཀྱི་གློག་ཁང་འབར་གས་བྱུང་ནས་རྫས་འགྱུར་གྱིས་མིའི་བདེ་ཐང་ལ་གནོད་འཚེ་བཟོ་བའི་བློ་འཚབ་ཆེན་པོ་གནས་བཞིན་ཡོད་པ་རེད།
གཟའ་འཁོར་གཉིས་ཀྱི་སྔོན་དེར་ཉི་ཧོང་ནང་ས་ཡོམ་འགུལ་ཚད་༨ དང་གྲངས་ཆུང་༩ རྒྱབ་པ་མ་ཟད། དེ་རྗེས་རྒྱ་མཚོའི་རྦ་རླབས་ཀྱི་གཡོ་འགུལ་ཆེ་བའི་གནོད་འཚེ་ཚབས་ཆེ་བྱུང་སྟེ། ད་བར་ཁྱོན་མི་གྲངས་ཁྲི་གཅིག་རྐྱེན་འདས་སུ་ཕྱིན་པ་དང༌། ཆིག་ཁྲི་བདུན་སྟོང་ལྔ་བརྒྱ་ད་དུང་རྙེད་སོན་མེད་པའི་གནས་སྟངས་ཀྱི་ཐོག་ནས། དེ་སྔ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས། ཉིན་ཧོང་དུ་རྡུལ་ཕྲན་གོ་མཚོན་དབྱུགས་ཏེ་མི་ཤི་རྨས་ཚབས་ཆེ་བྱུང་བའི་རྗེས། ད་རེས་ཀྱི་རང་འབྱུང་གནོད་འཚེ་ནང་མི་རྐྱེན་འདས་སུ་ཕྱིན་པའི་གྲངས་ཀ་ནི་མང་ཤོས་བྱུང་ཡོད་པ་རེད། ད་དུང་རྒྱ་མཚོའི་རྦ་རླབས་ཀྱི་གནོད་འཚེ་བྱུང་ཡུལ་གྱི་གྲོང་ཚོ་ཡོངས་ནང་སྡོད་ཁྱིམ་མེད་པའི་མིའི་གྲངས་ཀ་འབུམ་གཉིས་དང་ཁྲི་ལྔ་ཡོད་པ་རྣམས་དགུན་ཁའི་གནམ་གཤིས་གྲངས་ངར་དེའི་ནང་འཕྲལ་སེལ་སྡོད་སྒར་ཉིས་སྟོང་ཡོད་པའི་ནང་མཉམ་སྡོད་བྱེད་པ་མ་ཟད། ཁོང་ཚོར་དཀའ་ངལ་ཇི་ཙམ་འཕྲད་ཀྱང་བསམ་བློའི་སྙིང་སྟོབས་དང༌། སྒྲིག་ལམ་དང་ཀུན་སྤྱོད་སོགས་ཕྱོགས་ཡོངས་ནས་ཚགས་ཚུད་དང༌། ཡ་རབ་ལྡན་པའི་རྣམ་པ་དེ་ཡིས་འཛམ་གླིང་ཡོངས་ཡིད་སྨོན་སྐྱེས་དགོས་པ་བྱུང་ཡོད་པ་རེད། འོན་ཀྱང་ཉི་ཧོང་གིས། ཕུ་ཀུ་ཤི་མ་ནང་གི་རྡུལ་ཕྲན་ནུས་ཤུགས་ཀྱི་གློག་ཁང་འབར་གས་བྱུང་བ་དེའི་ཐོག་ནས་མུ་མཐུད་ནས་རྫས་འགྱུར་ཕྱིར་འདོན་བཞིན་པ་དེ་ཡིས། ཕྲུ་གུ་ཚོར་འཐུང་ཆུ་གཙང་མ་མ་འཐོབ་པའི་དཀའ་ངལ་དུ་གྱུར་ཡོད་པ་དེའི་ཐོག་ལ་བློ་འཚབ་ཆེན་པོ་གནང་གི་ཡོད་པ་དང༌། དེའི་དབར་ལ་ཨ་མི་རི་ཀ་དང་ར་ཤི་ཡ། ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས། ལྷོ་ཀོ་རི་ཡ། རྒྱ་ནག་བཅས་རྒྱལ་ཁབ་ཁག་འགའ་ཤས་ཀྱིས་ཉི་ཧོང་ནས་ཟ་བཅའ་ཉོ་ཚོང་ནང་འདྲེན་བྱ་རྒྱུ་མཚམས་འཇོག་བྱས་པ་མ་ཟད། ལྷག་པར་དུ་རྡུལ་ཕྲན་ནུས་ཤུགས་ཀྱི་གློག་ཁང་གནས་སའི་ཉེ་འཁྲིས་ཀྱི་ས་ཁུལ་ནས་སྔོ་ཚལ་རིགས་དང༌། འོ་མ་དང་ཞོ། ཕྱུ་ར་སོགས་སེམས་ཅན་གྱི་ཐོན་སྐྱེད་དེ་དག་ཉོ་ཚོང་བཀག་འགོག་བྱས་ཡོད་པ་རེད།