འདས་མ་འོངས་བོད་ཀྱི་གནད་དོན་ཞེས་ཀྱི་བགྲོ་གླེང༌།
ཡུལ་གྲུ་སྦུར་ཡ་ཊི་ཡའི་རྒྱལ་ས་ཨུ་ལན་ཨུ་རྡེ་ནང་ཉེ་ཆར་འདས་དང་མ་འོངས་བོད་ཀྱི་གནད་དོན་ཞེས་པའི་བརྗོད་གཞིའི་ཐོག་བགློ་གླེང་གནང་བ།
-
2009-04-14 -
-
-
༄༅༎ར་ཤི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་ཡུལ་གྲུ་སྦུར་ཡ་ཊི་ཡའི་རྒྱལ་ས་ཨུ་ལན་ཨུ་རྡེ་ནང་ཉེ་ཆར་འདས་དང་མ་འོངས་བོད་ཀྱི་གནད་དོན་ཞེས་པའི་བརྗོད་གཞིའི་ཐོག་ནས་བོད་དོན་ཐོག་ཉམས་ཞིབ་གནང་མཁན་དང་མཁས་དབང་ནང་ཆོས་སློབ་གཉེར་གནང་མཁན་སོགས་མི་གྲངས་བཞི་བཅུ་ལྷག་ལས་གྲུབ་པའི་བགྲོ་གླེང་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་ཡོད་པ་དང་དེའི་ཐོག་ར་ཤི་ཡའི་ནང་ཡོད་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་ཡོད་པ་དང་སྐུ་ཚབ་དོན་གཅོད་མཆོག་ནས་བགྲོ་གླེང་ལྷན་ཚོགས་ཐོག་བོད་ཀྱི་འདས་པ་དང་ད་ལྟ་མ་འོངས་ཞེས་པའི་བརྗོད་གཞིའི་ཐོག་ནས་གསུང་བཤད་གནང་ཡོད་པ་རེད། སྐུ་ཚབ་དོན་གཅོད་སྐུ་ངོ་ངག་དབང་རབ་རྒྱས་ལགས་ཀྱིས་གསུང་བཤད་གནང་བའི་སྐབས་གཙོ་བོ་དེང་སྐབས་བོད་ནང་གི་གནས་སྟངས་དང་དེ་བཞིན་ལམ་དབུ་མའི་ཐབས་ལམ་སྐོར་གཙོ་བོ་དེང་སྐབས་བོད་ནང་གི་གནས་སྟངས་དང་དེ་བཞིན་ལམ་དབུ་མའི་ཐབས་ལམ་སྐོར་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་མ་འོངས་གནད་དོན་ཐོག་གི་དགོངས་གཞི་སོགས་ཀྱི་ཐོག་བཀའ་མོལ་གནང་བ་དང་འབྲེལ་ཚོགས་བཞུགས་མི་སྣ་ཚོ་དང་ལྷན་དུ་འདྲི་བ་འདྲི་ལན་ཡང་གནང་ཡོད་པ་རེད། དེ་མིན་ཚོགས་བཞུགས་བོད་དོན་ཉམས་ཞིབ་པ་དང་ནང་ཆོས་སློབ་གཉེར་བ་མི་གྲངས་བཅུ་གནིས་ནས་བོད་ཀྱི་རིག་གཞུང་དང་ཆོས་ལུགས།ལོ་རྒྱུས་དེང་སྐབས་བོད་ནང་གི་གནས་སྟངས་དེ་མིན་བོད་ཀྱི་ནང་ཆོས་སྦུར་ཡ་ཊི་ཡུལ་ནང་དར་འཕེལ་དང་ཤུགས་རྐྱེན་སོགས་ཀྱི་ཐོག་རང་སོ་སོའི་བསམ་ཚུལ་གླེང་གནང་ཡོད་པ་རེད། བོད་དང་སྦུར་ཡ་ཊི་ཡ་ཡུལ་གཉིས་དབར་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་ལམ་ཟབ་མོ་ཡོད་པ་དང་ལྷག་པར་དུ་ཡུལ་གཉིས་དབར་ཆོས་ལུགས་ཀྱི་འབྲེལ་ལམ་དེ་བས་དམ་ཟབ་ཡོད་ཅིང་སྦུར་ཡ་ཊི་ཡ་ཡུལ་མི་མང་ཆེ་བས་བོད་དོན་ཐོག་ཧ་ཅང་གི་རྒྱབ་སྐྱོར་ཡོད་པ་མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དེ་བས་དད་གུས་ཤུགས་ཆེ་ཞུ་གི་ཡོད་པ་རེད།