༸གོང་ས་མཆོག་གི་འཁྲུངས་སྐར་བསླེབ་ལ་ཉེ་བ་དང་བསྟུན་བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་དམ་དྲག་ཤུགས་ཆེ་བྱེད་བཞིན་འདུག

ཆོས་ལུགས་ཀྱི་མཚོན་དོན་ཡོད་པའི་པར་བརྙན་རིགས་དྲ་ལམ་དུ་རྩ་ནས་སྤེལ་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་པ།

རྒྱ་ནག་གི་དམག་མི་ཕོ་བྲང་པོ་ཏ་ལའི་མདུན་དུ་འགྲོ་བཞིན་པའི་རྣམ་པ། ༢༠༠༨།༠༦།༢༠ Reuters

ལོ་ལྟར་བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་དུས་ཚེས་དང་བསྟུན། རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་བོད་ནང་གི་བོད་མི་ཚོར་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། འདི་ལོ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༩ ལ་ཕེབས་པའི་འཁྲུངས་སྐར་བསླེབ་ལ་ཉེ་བ་དང་བསྟུན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་སྤྱི་ཚོགས་དྲ་ལམ་ལ་སྟངས་འཛིན་དང་། ༸གོང་མཆོག་གི་སྐུ་པར་བརྒྱུད་སྐུར་དང་། ཆོས་ལུགས་ཀྱི་མཚོན་དོན་ཡོད་པའི་པར་བརྙན་རིགས་དྲ་ལམ་དུ་རྩ་ནས་སྤེལ་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། ལྷ་ས་ནས་འདས་པའི་ཉིན་གྲངས་ ༢༠ ཙམ་ནས་དྲ་ལམ་ཁག་ཏུ་དམ་དྲག་བྱེད་འགོ་ཚུགས་ཡོད་པ་དང་། དོགས་གཞི་ཡོད་རིགས་ཀྱི་མི་སྣ་སོགས་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་སུ་འབོད་སྒུག་གིས་ཕྱི་ཟླ་བདུན་པའི་ནང་ཡིད་གཟབ་དགོས་པའི་ཉེན་བརྡ་བཏང་བ་དང་། ༸གོང་ས་མཆོག་གི་སྐུ་པར་བརྒྱུད་སྐུར་དང་ཕྱི་ཕྱོགས་སུ་འབྲེལ་བ་རྩ་ནས་བྱེད་མི་ཆོག་པ་སོགས་བཀག་སྡོམ་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་། ཡང་འབྲེལ་ཡོད་གཞན་ཞིག་གིས། ནམ་རྒྱུན་དོགས་གཞི་ཡོད་རིགས་ཀྱི་མི་སྣ་ཚོར་ཕྱི་ཕྱོགས་སུ་ཡོད་པའི་ནང་མིར་འབྲེལ་ལམ་བཅད་བཅུག་པ་དང་། སྐད་འཕྲིན་ཚོགས་པ་སོགས་ནས་ཕྱི་ཕྱོགས་ཀྱི་ནང་མིའི་འབྲེལ་ལམ་ནག་བསུབ་བཏང་བཅུག་པ་སོགས་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ལོ་ལྟར་༸གོང་ས་མཆོག་གི་འཁྲུངས་སྐར་དང་བསྟུན། བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་དམ་དྲག་ལ་ལྟོས་མེད་ཀྱིས། སྤྱི་ཚོགས་དྲ་ལམ་ཁག་ཏུ་སྙན་ཚིག་དང་༸གོང་ས་མཆོག་སྐུ་ན་ཆུང་དུས་ཀྱི་དབུ་ཞྭ་དང་སྐུ་པར་སྣ་ཚོགས་སྤེལ་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་གནང་བཞིན་ཡོད་པ་མ་ཟད། ཡུལ་སྡེའི་རི་མགོར་བསང་ཕུད་མཁན་དང་ངག་བཅད་སྡོམ་པར་བསྡད་དེ། ༸སྐུའི་འཁྲུངས་སྐར་སྲུང་བརྩི་གནང་མཁན་ཤུགས་ཆེར་བྱུང་གི་ཡོད་པ་རེད་ལ། ཡང་འབྲེལ་ཡོད་གཞན་དེས་ད་ལྟའི་ཆར་ལྷ་ས་ནས་གཞིས་རྩེ་ལ་འགྲོ་དགོས་ན་ཁ་པར་སོགས་ལ་ཞིབ་བཤེར་ཤུགས་ཆེར་བྱེད་བཞིན་འདུག་ལ། ཁ་པར་ནང་༸གོང་ས་མཆོག་གི་སྐུ་པར་ཉར་མིན་དང་མི་སྣ་སུ་དང་འབྲེལ་བ་བྱས་མིན་ལ་ཞིབ་བཤེར་ཤུགས་ཆེར་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།

སྤྱིར་རྒྱ་ནག་གཞུང་གིས་ལོ་ལྟར་༸གོང་ས་མཆོག་གི་འཁྲུངས་སྐར་གྱི་དུས་ཚེས་ཁག་ལ་བོད་ནང་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༦ པའི་ཟླ་མཇུག་ནས་བཟུང་བོད་ཀྱི་ས་གནས་གང་སར་དམ་དྲག་བྱེད་འགོ་ཚུགས་ཡོད་པ་མ་ཟད། ལྷག་པར་དུ་མགོ་ལོག་ཕྱོགས་སུ་དགོན་པ་དང་མི་མང་གི་དོ་དམ་པ་དང་འགོ་ཁྲིད་ཚོས་མི་མང་ལ་སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་འདྲ་མིན་སྤེལ་རྒྱུར་ཡིད་གཟབ་དང་། རང་ངོས་ནས་སྟངས་འཛིན་དགོས་པའི་ཁྱབ་བསྒྲགས་དང་སྲིད་གཞུང་གི་ལས་བྱེད་ཚོ་དགོན་པའི་ནང་དུ་ཡོང་སྟེ་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེར་སྤེལ་བཞིན་ཡོད་པ་དང་། ཕྱི་ལོ་༢༠༢༡ ལོར་རྒྱ་ནག་གཞུང་གིས་༸སྐུའི་འཁྲུངས་སྐར་དང་བསྟུན། ཁམས་དཀར་མཛེས་ཁུལ་འཁྱག་ལུང་གྲོང་ནས་ཡིན་ཞིང་རང་ལོ་ ༤༠ ཙམ་སོན་པའི་སྐྱེས་པ་དཀོན་མཆོག་བཀྲ་ཤིས་དང་། བུད་མེད་རྫ་པོ་ཞུ་བ་གཉིས་ནས་འཁྲུངས་སྐར་སྲུང་བརྩི་བྱས་སྐོར་བརྗོད་དེ་འཛིན་བཟུང་བྱས་ཡོད་པ་རེད་ལ། དེ་བཞིན་ལོ་དེར་ལི་ཐང་ཕྱོགས་ནས་དགེ་འདུན་པ་ཁག་ཅིག་ཀྱང་འཛིན་བཟུང་གིས་ཉིན་གྲངས་མང་པོར་བཀག་ཉར་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད།  

གསར་འགོད་པ། དཔལ་འབར།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org